ཀྲའོ་ལེ་ཅི་ཡིས་ཕེ་རུའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ས་ལུའུ་ཨན་ན་དང་ཐུག་འཕྲད་གནང་བ།

2025-01-08
488

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་ཚེས6ཉིན་གྱི་ཕྱི་དྲོར་མི་དམངས་ཚོགས་ཁང་ཆེན་མོ་རུ་ཕེ་རུའི་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་ས་ལུའུ་ཨན་ན་དང་ཐུག་འཕྲད་གནང་།

ཀྲའོ་ལེ་ཅི་ཡིས་ཀྲུང་ཕེ་མཛའ་གྲོགས་ལ་ལོ་རྒྱུས་ཡུན་རིང་ལྡན། ཉེ་སྔོན་ཀྲུའུ་ཞི་ཞི་ཅིན་ཕིང་ཕེ་རུར་བསྐྱོད་དེ་ཨེ་ཤ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་མགོ་ཁྲིད་པའི་དངོས་གཞི་མིན་པའི་ཚོགས་འདུ་ཐེངས་སོ་གཅིག་པར་ཞུགས་པ་དང་འབྲེལ་ཕེ་རུ་རྒྱལ་དོན་འཚམས་འདྲི་གནང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་ཕེ་འབྲེལ་བའི་འཐབ་ཇུས་རང་བཞིན་དང་ཁྱོན་ཡོངས་རང་བཞིན་གྱི་གནད་དོན་ཐད་འབྲེལ་གཏུག་གཏིང་ཟབ་བྱས་ནས་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་བ་རེད། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུའི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་གཙོ་བདག་ཕྱི་འབྲེལ་གྱི་གྲུབ་འབྲས་གལ་ཆེན་དོན་འཁྱོལ་བྱས་ནས། ཀྲུང་གོ་དང་ཕེ་རུའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་གོང་དུ་འཕེལ་བར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་མང་པོ་བསྐྲུན་འདོད་ཡོད་ཅེས་བསྟན།

ཀྲའོ་ལེ་ཅི་ཡིས་ཀྲུང་ཕེ་མཛའ་གྲོགས་མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱིས་ཐུན་མོང་གི་རེ་སྒུག་ཡིན་པས། ཁྲིམས་འཛུགས་ལས་ཁུངས་ཀྱིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་བརྟན་ལྷིང་དང་ཡུན་རིང་ཡོང་བར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་དགོས། ཕེ་རུས་ཡུན་རིང་ལ་ཀྲུང་གོ་གཅིག་གི་རྩ་དོན་བརྩི་སྲུང་ནན་པོ་བྱས་པས། ཀྲུང་གོ་ཕྱོགས་ཀྱིས་དེར་བསྔགས་བརྗོད་བྱེད་བཞིན་ཡོད། ཀྲུང་གོའི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་གྱིས་ཕེ་རུའི་རྒྱལ་ཚོགས་དང་མཐོ་རིམ་དང་། ཆེད་དོན་ཨུ་ཡོན་ལྷན་ཁང་། ཕྱོགས་གཉིས་ཀྱི་མཛའ་གྲོགས་ཚོ་ཆུང་། དམངས་ཆེན་གྱི་འཐུས་མི། གྲོས་མི་བཅས་བར་སྤེལ་རེས་དང་འགྲོ་འོང་བྱེད་ཤུགས་ཆེ་རུ་གཏོང་བ་དང་། རྒྱལ་སྐྱོང་སྲིད་སྐྱོང་ཉམས་མྱོང་ཕན་ཚུན་སློབ་སྦྱོང་དང་སློབ་སྦྱོང་གཏིང་ཟབ་ཏུ་གཏོང་བ་དང་། ཕན་ཚུན་ཤེས་རྟོགས་དང་མཛའ་གྲོགས་ཇེ་ཟབ་ཏུ་གཏོང་བ། ཕན་ཚུན་རང་སོ་སོའི་རྒྱལ་ཁབ་ཀྱི་གནས་ཚུལ་དང་མཐུན་པའི་འཕེལ་རྒྱས་བགྲོད་ལམ་སྟེང་བསྐྱོད་པར་རྒྱབ་སྐྱོར་བྱེད་འདོད་ཡོད། ཆན་ཁའེ་གྲུ་ཁ་ནི་ཀྲུང་གོ་དང་ཕེ་རུ་མཉམ་ལས་ཀྱི་མཚོན་རྟགས་རང་བཞིན་གྱི་རྣམ་གྲངས་ཡིན་པས། ཕེ་རུ་ཡིས་སྐམ་མཚོ་སྦྲེལ་མཐུད་དང་། ཨེ་ཤ་ཡ་དང་ལ་ཏིང་མེ་གླིང་འབྲེལ་མཐུད་བཅས་ཀྱི་འབྲེལ་མཐུད་རྣམ་པ་བསྐྲུན་པར་ཕན་ཐོགས་ཡོད་པ་དང་། ཀྲུང་གོ་དང་ཕེ་རུ་དང་ཀྲུང་གོ་དང་ལ་ཏིང་མེ་གླིང་སྤུས་ཚད་མཐོ་བའི“རྒྱུད་གཅིག་ལམ་གཅིག”མཉམ་དུ་འཛུགས་པར་སྐུལ་འདེད་གཏོང་ཐུབ། ཕེ་རུའི་རྒྱལ་ཚོགས་ཀྱིས་ཆན་ཁའེ་གྲུ་ཁ་འཛུགས་སྐྲུན་ལ་མུ་མཐུད་དོ་ཁུར་དང་རྒྱབ་སྐྱོར་བྱེད་པའི་རེ་བ་ཡོད། ཀྲུང་གོ་དང་ཕེ་རུའུ་ཡིས་ནུས་གཏེར་དང་། རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན། འཕྲིན་གཏོང་སོགས་ཁྱབ་ཁོངས་སུ་ཕན་འབྲས་ལྡན་པའི་མཉམ་ལས་བྱས་ནས། གྲངས་འཛིན་དཔལ་འབྱོར་དང་ལྗང་མདོག་འཕེལ་རྒྱས། མི་ཐབས་རིག་ནུས་སོགས་ཁྱབ་ཁོངས་སུ་མཉམ་ལས་རྒྱ་སྐྱེད་གཏོང་བའི་ཐད་ཧུར་ཐག་གིས་གྲོས་བསྡུར་བྱེད་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁྲིམས་འཛུགས་སྒྲིག་གཞིས་མཉམ་དུ་ཀྲུང་གོ་དང་ཕེ་རུའི་དངོས་གཉེར་མཉམ་ལས་ལ་ཁྲིམས་སྐྱོང་ཁོར་ཡུག་བཟང་པོ་བསྐྲུན་པའི་རེ་བ་ཡོད་ཅེས་བསྟན།

ཀྲའོ་ལེ་ཅི་ཡིས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་དང་དཔལ་འབྱོར་དམིགས་བསལ་ཁུལ་གྱི་ཁྲིམས་འཛུགས་གནས་ཚུལ་ངོ་སྤྲོད་བྱས་པ་དང་། ཀྲུང་གོ་ཕྱོགས་ཀྱིས་ཕེ་རུ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་ཁྲིམས་འཛུགས་ཉམས་མྱོང་སྤེལ་རེས་བྱེད་པར་ཤུགས་བསྣན་ནས། རང་སོ་སོའི་རྒྱལ་ཁབ་ཀྱི་ཕྱི་ཕྱོགས་སྒོ་འབྱེད་དང་འཕེལ་རྒྱས་དར་རྒྱས་ལ་རོགས་རམ་བྱེད་འདོད་ཡོད་ཅེས་བསྟན།

ས་ལུའུ་ཨན་ན་ཡིས་ཕེ་རུ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་མཛའ་གྲོགས་གཏིང་ཟབ་ཡོད། ཕེ་རུས་ཀྲུང་གོ་གཅིག་གི་རྩ་དོན་བློ་བརྟན་འགྱུར་མེད་ཀྱིས་བརྩི་སྲུང་བྱས་ནས། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་འགོ་རབ་དང་རིམ་པར་ཚད་མཐོའི་གདེང་འཇོག་དང་རྒྱབ་སྐྱོར་བྱ་རྒྱུ་ཡིན། “རྒྱུད་གཅིག་ལམ་གཅིག”མཉམ་དུ་བསྐྲུན་པ་དེས་འབྲེལ་ཡོད་རྒྱལ་ཁབ་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་ཡོད། ཆན་ཁའེ་གྲུ་ཁ་དེ་ཕེ་རུའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་འཐབ་ཇུས་ཀྱི་དོན་སྙིང་ལྡན། ཕེ་རུས་ཀྲུང་གོ་ཕྱོགས་དང་དཔལ་འབྱོར་ཚོང་དོན་དང་། མདངུལ་གཏོང་། གློག་ཤུགས། རྨང་གཞིའི་སྒྲིག་བཀོད། མི་ཆོས་སོགས་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་ཤུགས་སྣོན་བྱ་འདོད་ཡོད། ཕེ་རུ་རྒྱལ་ཚོགས་ཀྱི་ཏང་ཤོག་ཁག་ཚང་མས་ཕེ་རུ་དང་ཀྲུང་གོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བར་མགྲིན་གཅིག་ཏུ་རྒྱབ་སྐྱོར་བྱེད་པ་དང་། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་དང་མཛའ་གྲོགས་འགྲོ་འོང་ལ་ཤུགས་སྣོན་པ་དང་། ཁྲིམས་འཛུགས་ཉམས་མྱོང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པ། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཁྲིམས་འཛུགས་སྒྲིག་གཞིའི་ལེགས་སྐྱེས་འདོན་འདོད་ཡོད་ཅེས་བསྟན།

ཝུའུ་ཝེ་ཧྭ་གྲོས་མོལ་ལ་ཞུགས། །


  • 顶