མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་པེ་ཅིན་དུ་བསྡུས་པ།

2025-01-06
276

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་འགེལ་བའི་མཛད་སྒོ་ཚེས2ཉིན་པེ་ཅིན་དུ་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་ཡིས་ཞིབ་འཇུག་ལྟེ་གནས་ཀྱི་སྒོ་བྱང་བཀལ་ཏེ་ཤིས་ཚིག་ཕུལ།

ཝང་དབྱི་ཡིས་ཞིབ་འཇུག་ལྟེ་གནས་ཕྱི་འབྲེལ་སློབ་གླིང་དུ་བཙུགས་པར་བཀྲ་ཤིས་བདེ་ལེགས་ཞུས་པ་དང་། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཏོན་པའི་གསར་གཏོད་རང་བཞིན་གྱི་བསམ་བློ་གལ་ཆེན་ཞིག་དང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་ལྟེ་བའི་འདུ་ཤེས་ཡིན་པ། “འཛམ་གླིང་གང་འདྲ་ཞིག་འཛུགས་སྐྱོང་བྱེད་པ་དང་། འཛམ་གླིང་འདི་ཇི་ལྟར་འཛུགས་སྐྲུན་བྱེད་དགོས”ཞེས་པའི་དུས་རབས་ཀྱི་ཞིབ་འཇུག་བྱ་གཞི་འདིར་བཏོན་པའི་ཀྲུང་གོའི་དྲིས་ལན་ཡིན་པས། རིགས་པའི་གཞུང་ལུགས་ཀྱི་རིན་ཐང་རྩ་ཆེན་དང་དུས་རབས་ཀྱི་དོན་སྙིང་གལ་ཆེན། འཛམ་གླིང་གི་ཤུགས་རྐྱེན་གཏིང་ཟབ་བཅས་ལྡན།

ཝང་དབྱི་ཡིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་འདུ་ཤེས་ལས་ཀྲུང་གོ་གུང་ཁྲན་ཏང་གི་ཐོག་མའི་དམིགས་ཡུལ་དང་འགན་འཁྲི་མངོན་པ་དང་། ཀྲུང་ཧྭ་རིག་གནས་ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་བ། ཚན་རིག་རིགས་པའི་གཞུང་ལུགས་ཀྱི་བསམ་བློའི་སྟོབས་ཤུགས་ཆེན་པོ་མངོན་པ། ལོ་བརྒྱའི་འགྱུར་ལྡོག་གི་ཀྲུང་གོའི་འདོད་ཚུལ་གསལ་བཤད་བཅས་བྱས་ཡོད། མིག་སྔར་རྒྱལ་ཁབ་དང་ས་ཁུལ་བཅུ་ཕྲག་ཁ་ཤས་ཀྱིས་ཀྲུང་གོ་དང་མཉམ་དུ་རྣམ་པ་མི་འདྲ་བའི་ལས་དབང་ཐུན་མོང་ཚོགས་པ་འཛུགས་སྐྲུན་བྱས་ཡོད། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་མོང་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་དེ་མཉམ་འབྲེལ་རྒྱལ་ཚོགས་ཚོགས་ཆེན་གྱི་གྲོས་ཆོད་དང་ཕྱོགས་མང་ཡིག་ཆའི་ནང་ཐེངས་མང་བྲིས་ནས། མིའི་རིགས་སྤྱི་ཚོགས་ཀྱི་གྲུ་གཟིངས་ཆེན་པོ་ཞི་བདེ་དང་བདེ་འཇགས། དར་རྒྱས་ཡར་ཐོན་བཅས་ཀྱི་འོད་སྟོང་འཕྲོ་བའི་མདུན་ལམ་དུ་བསྐྱོད་པར་སྐུལ་འདེད་བཏང་ཡོད།

ཝང་དབྱི་ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་བྱ་རྒྱུ་ནི་མཛེས་སྡུག་ལྡན་པའི་དམིགས་འབེན་ཡིན་ལ། མི་རབས་ནས་མི་རབས་བར་རྒྱུན་མཐུད་བྱས་ཚེ་གཞི་ནས་མངོན་འགྱུར་བྱེད་པའི་དམིགས་འབེན་ཞིག་ཀྱང་ཡིན། དུས་རབས་གསར་པ་དང་འགྲུལ་བཞུད་གསར་པའི་ཐོག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་ཞིབ་འཇུག་ལྟེ་གནས་ལེགས་པོར་འཛུགས་སྐྲུན་བྱས་ཏེ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པར་ཞིབ་འཇུག་དང་འགྲེལ་བཤད། དྲིལ་སྒྲོག་ངོ་སྤྲོད་བཅས་བྱེད་པའི་གཟི་བརྗིད་ལྡན་པའི་འགན་འཁྲི་ལེགས་པར་བསྒྲུབ་དགོས་ཞེས་ནན་གྱིས་བསྟན།

ཞིབ་འཇུག་ལྟེ་གནས་ནི་ཕྱི་འབྲེལ་སློབ་གླིང་གིས་གཙོ་བོ་བཙུགས་པ་ཡིན་ཞིང་། དེའི་དམིགས་ཡུལ་ནི་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པའི་རིག་གཞུང་ཞིབ་འཇུག་དང་། སྲིད་འཛིན་གྲོས་འགོ། དྲིལ་སྒྲོག་ངོ་སྤྲོད། ཤེས་ལྡན་མི་སྣ་གསོ་སྐྱོང་བཅས་གཏིང་ཟབ་ཏུ་བཏང་ནས། མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད། རིགས་པའི་གཞུང་ལུགས་དང་སྲིད་ཇུས། སྐད་ཆ་དང་ཤེས་ལྡན་མི་སྣའི་རྒྱབ་སྐྱོར་མཁོ་འདོན་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལ་ཞབས་འདེགས་ཞུ་རྒྱུ་རེད།  །


  • 顶