ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ1པོའི་ཚེས1ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕིན་ལི་ཡོན་གྱིས་ཨ་རིའི་ཝ་ཧྲིང་ཏུན་མངའ་སྡེའི་སློབ་འབྲིང་གི་དགེ་སློབ་འཐུས་མིར་ལོ་གསར་གྱི་རྟེན་འབྲེལ་བྱང་བུ་སྤྲད་ནས། ལོ་གསར་གྱི་སྨོན་འདུན་ཞུས་པ་དང་། 2025ལོ་ནི་ཀྲུང་གོ་མི་དམངས་ཀྱི་འཇར་འགོག་དམག་འཁྲུག་དང་འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པའི་ལོ་ཡིན། འཛམ་གླིང་འཁྲུག་ཆེན་གཉིས་པའི་སྐབས་སུ། ཀྲུང་གོ་དང་ཨ་རིས་ཐུན་མོང་ཐོག་ཞི་བདེ་དང་དྲང་བདེན་གྱི་ཆེད་དུ་འཐབ་འཛིང་བྱས་པས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་མཛའ་གྲོགས་ལ་ཁྲག་དང་མེ་ཡི་ཚོད་བགམ་ཐེག་ནས། དུས་ཡུན་རིང་པོར་སྲུང་འཛིན་བྱས་ཡོད། ཀྲུང་གོ་དང་ཨ་རི་རྒྱལ་ཁབ་གཉིས་ཀྱི་གཞོན་ནུ་ལོ་ཆུང་གིས་མུ་མཐུད་དུ“མ་འོངས་པའི་ལོ་ལྔའི་ནང་ཨ་རིའི་གཞོན་ནུ་ལོ་ཆུང་ཁྲི5ཀྲུང་གོར་སྤེལ་རེས་དང་སློབ་སྦྱོང་བྱེད་པར་གདན་འདྲེན་ཞུ་པའི”གྲོས་གཞིའི་ནང་ཧུར་ཐག་གིས་ཞུགས་ནས། སྤེལ་རེས་དང་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་དང་། ཕན་ཚུན་ཤེས་རྟོགས་གཏིང་ཟབ་ཏུ་གཏོང་བ། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་འཛིན་བཅས་བྱས་ཏེ། ཀྲུང་གོ་དང་ཨ་རིའི་འབྲེལ་བ་འཕེལ་རྒྱས་དང་འཛམ་གླིང་ཞི་བདེར་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་བྱེད་ཀྱིན་ཡོད་པར་བསྟན།
ཉེ་སྔོན་ཨ་རིའི་ཝ་ཧྲིན་ཏུན་མངའ་སྡེའི་ཨ་ཀྲུང་གཞོན་ནུ་ལོ་ཆུང་སློབ་མའི་སྤེལ་རེས་མཐུན་ཚོགས་དང་ལིན་ཁེན་སློབ་འབྲིང་། ལུས་རྩལ་ཐང་སློབ་འབྲིང་བཅས་ཀྱི“ལོ་ལྔའི་ནང་ཁྲི5”ཞེས་པའི་གྲོས་གཞིའི་ནང་ཀྲུང་གོར་འཚམས་འདྲིར་ཞུགས་པའི་དགེ་སློབ་འཐུས་མིས་ཀྲུའུ་ཞི་ཞི་ཅིན་ཕིང་བཟའ་ཟླ་གཉིས་དང་ཀྲུང་གོ་མི་དམངས་ཡོངས་ལ་ལོ་གསར་གྱི་རྟེན་འབྲེལ་བྱང་བུ་སྤྲིངས་ཤིང་། དགེ་རྒན་དང་སློབ་གྲོགས100ལྷག་གིས་རྟེན་འབྲེལ་བྱང་བུ་ཐོག་མིང་རྟགས་བཀོད་ཡོད། དགེ་སློབ་ཚོས་རྟེན་འབྲེལ་བྱང་བུའི་ཐོག་རྒྱ་ཡིག་གྱིས“འཇར་འགོག་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80འལོན་པར་དྲན་གསོ་ཞུས་པ་དང་། འཛམ་གླིང་གི་ཧྥ་ཤི་སིར་ངོ་རྒོལ་བྱེད་པའི་དམག་འཁྲུག་ལ་རྒྱལ་ཁ་ཐོབ་ནས་ལོ་འཁོར80ལོན་པར་དྲན་གསོ་ཞུས། ལོ་གསར་པ་དགའ་བས་བསུ་བ་དང་། ཞི་བདེ་ཁྲི་ལོར་ཤོག ཀྲུང་གོ་དང་ཨ་རིའི་མཛའ་གྲོགས་ཡུན་རིང་གནས་པར་ཤོག ”ཞེས་བྲིས་ཡོད། །
འཕྲིན་སྟེགས། weikangba