
ལོ་སར་ཤར་རན་པ་དང་བསྟུན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་འབྲེལ་དྲ་བརྒྱུད་ནས་ཉིས་སྟོང་ཉེར་ལྔ་ལོའི་ལོ་སར་ཤིས་ཚིག་ཕུལ་བ་རེད།
བློ་མཐུན་རྣམ་པ། གྲོགས་པོ་རྣམ་པ། ལྕམ་མོ་རྣམ་པ། སྐུ་ཞབས་རྣམ་པ།
ཚང་མ་ཁམས་བཟང་། དུས་ཚོད་བྱ་འཕུར་བ་ལྟར་མགྱོགས། ལོ་གསར་པ་ཤར་རན། ངས་པེ་ཅིན་ནས་ལྷན་རྒྱས་ལ་བཀྲ་ཤིས་སྨོན་འདུན་ཞུ་ཡིན།
༢༠༢༤ལོར་ང་ཚོས་དབྱར་དགུན་སྟོན་དཔྱིད་ཕར་ལ་བསྐྱལ་བ་དང་། ཆར་རླུང་དང་འཇའ་ཚོན་མཉམ་དུ་བསུས་ཡོད། བརྗེད་པར་དཀའ་བའི་དུས་སྐད་ཅིག་མ་རེ་རེ་སྤྱིར་བཏང་མ་ཡིན་པའི་ལོ་ཟླའི་ནང་གཏན་དུ་བཞག་ཡོད། དེ་ཡིས་ང་ཚོར་སེམས་འགུལ་ཐེབས་ཤིང་བརྗེད་པར་དཀའ།
ང་ཚོས་རྒྱལ་ཁབ་ཕྱི་ནང་གི་ཁོར་ཡུག་འགྱུར་ལྡོག་ལས་བྱུང་བའི་ཤུགས་རྐྱེན་ལ་ཁ་གཏད་ཡག་མོ་འཇལ་ནས་སྲིད་ཇུས་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད། སྤུས་མཐོའི་འཕེལ་རྒྱས་ཡག་པོ་བཏང་ནས་རང་རྒྱལ་གྱི་དཔལ་འབྱོར་སླར་གསོ་འཕེལ་རྒྱས་ཡག་མོ་བྱུང་ཡོད། རྒྱལ་ནང་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྔོན་དཔག་ལྟར་ན་སྒོར་དུང་ཕྱུར་ས་ཡ་གཅིག་འབུམ་གསུམ་ལས་བརྒལ། འབྲུ་རིགས་ཐོན་ཚད་རྒྱ་མ་དུང་ཕྱུར་ཆིག་ཁྲི་བཞི་སྟོང་ལས་བརྒལ་ནས། ཀྲུང་གོའི་ཁ་ཕོར་ནང་ཀྲུང་གོའི་འབྲུ་རིགས་སྔར་བས་མང་པོ་བཅུག་ཡོད། ས་ཁོངས་འཕེལ་རྒྱས་མཐུན་སྦྱོར་མཉམ་འབྲེལ་དང་། སྟོབས་ཤུགས་ཆེན་པོ་ཆགས་ཡོད། རྣམ་པ་གསར་པའི་གྲོང་ཁྱེར་གྲོང་རྡལ་ཅན་དང་གྲོང་གསེབ་དར་རྒྱས་ཕན་ཚུན་མཉམ་འདྲེས་དང་། མཉམ་འཕེལ་མཉམ་དར་བྱུང་ཡོད། འབག་མེད་ཐཱན་ཉུང་འཕེལ་རྒྱས་རྒྱ་ཆེ་གཏིང་ཟབ་ཏུ་ཕྱིན་པ་དང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་ཕུགས་འདུན་རིམ་གྱིས་འགྲུབ་བཞིན་ཡོད།
ང་ཚོས་ཡུལ་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་གསོ་སྤེལ་དང་། ཐོན་ལས་གསར་པ་དང་ལས་རྣམ་གསར་པ། དཔེ་དབྱིབས་གསར་པ་བཅས་རྒྱུན་མི་ཆད་པར་བྱུང་ཡོད། ནུས་ཁུངས་གསར་པའི་རླངས་འཁོར་གྱི་ལོ་རེའི་ཐོན་ཚད་ཐོག་མར་བྱེ་བ་གཅིག་ལས་བརྒལ། གཅིག་འདུས་གློག་ལམ་དང་མིས་བཟོས་རིག་ནུས། ཚད་རྡུལ་བརྡ་འཕྲིན་སོགས་ཁྱབ་ཁོངས་ལ་གྲུབ་འབྲས་གསར་པ་ཐོབ་ཡོད། ཟླ་བའི་ལྷ་མོ་ཨང་རྟགས་དྲུག་པ་ཐོག་མར་ཟླ་བའི་གོ་ལའི་རྒྱབ་ཏུ་འགོས་ནས་ཚོད་དཔེ་བསྡུས་ཡོད་པ་དང་། ཕུགས་བསམ་རྟགས་ཅན་གྱིས་རྒྱ་མཚོ་ཆེན་མོར་འཚོལ་ཞིབ་བྱས་ཡོད། ཧྲེན་ཀྲུང་བརྒྱུད་ལམ་རྒྱ་མཚོའི་རྦ་རླབས་མཁའ་ན་འཐེན། ལྷོ་སྣེའི་ཆིན་ལིང་ས་ཚིགས་གངས་འཁྱགས་སྟེང་ན་འགྱིང་། དེ་དང་དེ་ཚང་མ་ལས་ཀྲུང་གོ་བས་ཕུགས་བསམ་སྙེག་པའི་སྤོབས་པ་ཆེན་པོ་མཚོན་ཡོད།
ད་ལོར་ང་ས་གནས་སུ་རྟོག་ཞིབ་ལ་སོང་དུས་ཚང་མས་འཚོ་བ་སྐྱིད་པོ་གཏོང་བཞིན་པ་མཐོང་བྱུང་། ཐན་ཧྲུའེ་ཧྭ་ཉིའུ་ཡི་ཀུ་ཤུ་ཆེ་ཞིང་དམར་མདངས་བཀྲ་བ་དང་ཏུང་ཧྲན་ཨོ་ཅོ་གྲོང་ཚོའི་ཉ་གྲུ་ཉ་ཡིས་གང་། མའེ་ཅི་རིའི་བྲག་ཕུག་ཤར་ཕྱོགས་ཀྱི་འཛུམ་མདངས་ཞེས་པར་ལོ་ངོ་སྟོང་གི་ལོ་རྒྱུས་ཡོད་འདུག ཁྲི་ཙི་དྲུག་སྲང་ལམ་གྱི་གུས་ལུགས་ལས་ཡ་རབས་ཀྱི་ཁྱིམ་སྲོལ་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱས། ཐན་ཅིན་གྱི་གནའ་བོའི་རིག་གནས་སྲང་ལམ་དུ་མི་སྣ་འཚང་ཁ་ཆེ་ཞིང་དབྱིན་ཁྲོན་གྱི་མི་རིགས་མང་པོའི་འདུས་ཁུལ་དུ་སྡོད་དམངས་ཁྱིམ་ཚང་གཅིག་ལྟར་མཐུན་པ། ཚང་མས་སེམས་ཁུར་བྱེད་བཞིན་པའི་ལས་ཞུགས་ཡོང་འཕར་དང་རྒན་རྒོན། ལོ་ཆུང་། སློབ་གསོ་དང་སྨན་བཅོས་སོགས་ཀྱི་གནད་དོན་ཐད་ངས་ནམ་ཡང་སེམས་ཁུར་བྱེད་བཞིན་ཡོད། ལོ་གཅིག་རིང་རྨང་གཞིའི་རྒན་གསོ་མ་དངུལ་སྤར་ཡོད་ལ། ཁང་བུན་སྐྱེད་ཀ་མར་ཆག་པ། ཐད་ཀར་རྩིས་རྒྱག་པའི་ཁྱབ་ཁོངས་སྔར་ལས་རྒྱ་བསྐྱེད་དེ་གཞན་ཡུལ་སྨན་བཅོས་སྟབས་བདེ་བཟོས་ཤིང་། འཛད་སྤྱོད་ཐོན་རྫས་གསར་བསྒྱུར་ལ་བརྟེན་ནས་འཚོ་བའི་སྤུས་ཀ་ཇེ་མཐོར་བཏང་ཡོད་པས། ཚང་མའི་ཐོབ་སྣང་སྔར་ལས་ཇེ་མཐོར་བཏང་ཡོད།
ཕེ་རེའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་རའི་ཐོག རང་རྒྱལ་གྱི་ལུས་རྩལ་པ་ཚོས་སྤོབས་པ་ཆེན་པོས་སྔོན་ཐོན་བརྩོན་ལེན་དང་ཕྱི་རྒྱལ་ནས་འགྲན་བསྡུར་ནང་ཞུགས་པའི་ཐད་དགའ་འོས་པའི་གྲུབ་འབྲས་བླངས་པར་མ་ཟད། ན་གཞོན་རྣམས་ཀྱི་དཔའ་ངར་ཆེར་བསྐྱེད་དང་ཡིད་ཆེས་ཀྱིས་ཁེངས་པའི་རྣམ་པ་མཚོན་ཡོད། མཚོ་དམག་དང་མཁའ་དམག་གིས་ལོ་དོན་ལྔ་འཁོར་བའི་སྐྱེས་སྐར་ལ་བསུ་མ་ཞུས་པ་དང་མི་དམངས་སྤུན་ཟླའི་དམག་གི་ལང་ཚོའི་གཟི་དཔལ་མཚོན་ཡོད། ཆུ་ལོག་དང་མཚོ་རླུང་དྲག་པོ་སོགས་རང་བྱུང་གནོད་འཚེ་ལ་འཕྲད་དུས་རྒྱ་ཆེ་བའི་ཏང་ཡོན་ལས་བྱེད་པ་མདུན་དུ་སྐྱོད་པ་དང་ཚང་མས་སྟོབས་ཤུགས་གཅིག་ཏུ་བསྡུས་ཤིང་ཕན་ཚུན་རོགས་རེས་བྱས་པ་རེད། བགྲང་ལས་འདས་པའི་ངལ་རྩོལ་པ་དང་འཛུགས་སྐྲུན་པ། ལས་གཏོད་པ་རྣམས་ཀྱིས་རང་གི་ཕུགས་བསམ་ཆེད་དུ་འབད་བརྩོན་བྱེད་བཞིན་ཡོད། ངས་རྒྱལ་ཁབ་ཀྱི་གཟེངས་རྟགས་དང་རྒྱལ་ཁབ་ཀྱི་གཟི་བརྗིད་མཚན་སྙན་ཐོབ་མཁན་རྣམས་ལ་གཟི་བརྗིད་དཔང་ཡིག་སྤྲད་ཡོད། གཟི་བརྗིད་འདི་ཁོ་ཚོར་དབང་ཞིང་། འབད་བརྩོན་བྱེད་མཁན་ཚང་མ་ལ་དབང་།
མིག་སྔར་འཛམ་གླིང་འགྱུར་ལྡོག་ཆེ། ཀྲུང་གོ་ནི་འགན་འཁྲི་ཁུར་བའི་རྒྱལ་ཁབ་ཆེན་མོ་ཞིག་ཡིན་པའི་ཆ་ནས། འཛམ་གླིང་བཅོས་སྐྱོང་འཕོ་འགྱུར་ལ་སྐུལ་ཞིང་འཛམ་གླིང་གི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་དང་མཐུན་སྒྲིལ་མཉམ་ལས་ཟབ་སྤེལ་བྱེད་པ་ཡིན། ང་ཚོས་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ཡག་མོ་བྱེད་པ་དང་། ཀྲུང་གོ་དང་ཧྥེ་གླིང་མཉམ་ལས་གླེང་སྟེགས་ཀྱི་པེ་ཅིན་རྩེ་འཛོམས་གྲོས་ཚོགས་རྒྱལ་ཁའི་ངང་འཚོགས་པ། ཧྲང་ཧེ་མཉམ་ལས་རྩ་འཛུགས་དང་བྷོད་གསེར་རྒྱལ་ཁབ། ཡ་གླིང་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས། རྒྱལ་ཁབ་ཉི་ཤུ་ཚོགས་པ་སོགས་ཕྱོགས་གཉིས་དང་ཕྱོགས་མང་ཚོགས་ར་རུ། ཀྲུང་གོའི་ལངས་ཕྱོགས་བཏོན་པ་དང་། འཛམ་གླིང་ཞི་བདེ་བརྟན་བརླིང་སྲུང་སྐྱོང་བྱེད་པར་དྲང་ཕྱོགས་ཀྱི་ནུས་པ་སྔར་ལས་མང་པོ་བཏོན་ཡོད།
ང་ཚོས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར་དོན་ལྔ་ལོན་པར་རྟེན་འབྲེལ་གཟབ་རྒྱས་ཞུ་བ་དང་། བརྩེ་བ་ཟབ་མོས་སྤྱི་མཐུན་རྒྱལ་ཁབ་ཀྱི་རླབས་ཆེ་བའི་འགྱུར་ལྡོག་ལ་ཕྱིར་དྲན་བྱས། ལོ་ངོ་སྟོང་ཕྲག་ལྔ་ལྷག་གི་ལོ་རྒྱུས་ལྡན་པའི་ཀྲུང་ཧྭའི་དཔལ་ཡོན་རྒྱུན་འཛིན་གོ་རིམ་ཁྲོད། ཀྲུང་གོ་ཞེས་པའི་ཡིག་འབྲི་གཉིས་དེ་ནི་ང་ཚོའི་ལོ་རྒྱུས་རིག་གནས་ཀྱི་གཏིང་དུ་འཐུམ་པ་དང་། ཧྭ་ཞའི་བུ་རྒྱུད་ཀྱི་སེམས་གཏིང་ལ་བརྐོས་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་ཏེ། ཕྱོགས་ཡོངས་ནས་བཅོས་བསྒྱུར་སྔར་བས་ཟབ་སྤེལ་གཏོང་བའི་ཅོང་བརྡ་བཏང་ཡོད། ང་ཚོས་བཅོས་བསྒྱུར་སྒོ་འབྱེད་ཀྱི་དུས་རབས་ཀྱི་རླབས་རྒྱུན་ཆེན་པོ་དང་བསྟུན་ནས་མདུན་དུ་སྐྱོད་པ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་བཅོས་བསྒྱུར་སྒོ་འབྱེད་ཁྲོད་མདུན་ལྗོངས་སྔར་བས་རྒྱ་ཆེན་པོ་འབྱེད་ཐུབ་ངེས་ཡིན།
ཉིས་སྟོང་ཉེར་ལྔ་ལོར། ང་ཚོས་ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པ་ཕྱོགས་ཡོངས་ནས་འགྲུབ་དགོས། སྔར་བས་ཕན་ནུས་ལྡན་པའི་སྲིད་ཇུས་ལག་བསྟར་བྱས་ཏེ། བློ་གཅིག་སེམས་གཅིག་གིས་སྤུས་མཐོའི་འཕེལ་རྒྱས་དམ་འཛིན་དང་། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་ཐད་ཤུགས་བརྒྱབ་ནས། སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་ཕྱོགས་ཡག་པོ་མཐའ་འཁྱོངས་བྱ་དགོས། མིག་སྔར་དཔལ་འབྱོར་འཁོར་སྐྱོད་ཐད་གནས་ཚུལ་གསར་པ་རེར་འཕྲད་ཡོད། ཕྱི་ཕྱོགས་ཀྱི་ཁོར་ཡུག་བརྟན་འཇགས་མིན་པའི་འགྲན་སློང་དང་། ནུས་ཤུགས་གསར་རྙིང་གཉིས་བརྗེ་བསྒྱུར་གྱི་གནོན་ཤུགས་ཡོད་ནའང་། དེ་དག་ཚང་མ་འབད་བརྩོན་བྱས་ན་ཁྱད་བསད་ཐུབ་པ་ཞིག་རེད། ང་ཚོ་ནི་དུས་ནམ་ཡང་དཀའ་སྡུག་དང་འགྲན་སློང་ཁྲོད་ནར་སོན་པ་དང་། ཚོད་བགམ་ཁྲོད་སྟོབས་ཆེར་གྱུར་ཡོད་པས། ང་ཚོ་ཚང་མ་ལ་ཡིད་ཆེས་བརྟན་པོ་ཡོད་དགོས།
དོན་དག་ཆེ་ཆུང་ཡོད་ཚད་མི་དམངས་ལ་བདེ་སྐྱིད་འཚོ་བ་གཏོང་བཅུག་པའི་དོན་དག་གལ་ཆེ་ཤོས་ཡིན། ཁྱིམ་ཚང་ཚང་མས་རང་ཉིད་ཀྱི་བྱིས་པར་སློབ་གསོ་ཡག་པོ་མྱོང་ཐུབ་པའི་རེ་བ་དང་། རྒན་རྒོན་ཚང་མས་རྒན་གསོའི་ཞབས་ཞུ་ཡག་པོ་ལོངས་སྤྱོད་ཐུབ་པ། ན་གཞོན་ཚོ་ལ་འཕེལ་རྒྱས་གོ་སྐབས་སྔར་ཡག་པོ་ཡོད་པ་ལ་རེ་ཡོད། བབ་ཆགས་པའི་རེ་བ་དེ་དག་ནི་བདེ་སྐྱིད་འཚོ་བ་ལ་བཅངས་པའི་རེ་བཞག་ཡིན། ང་ཚོས་མཉམ་དུ་འབད་པ་བྱས་ནས། སྤྱི་ཚོགས་འཛུགས་སྐྱོང་དང་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་རིམ་སྤར་གཏོང་བ་དང་། རྒྱུན་ཆད་མེད་པར་འཆམ་མཐུན་གུ་ཡངས་ཀྱི་ཁོར་ཡུག་བསྐྲུན་པ། མི་སེར་ཉེ་འགྲམ་གྱི་དོན་དག་ཆེ་ཆུང་ཚང་མ་ཐག་གཅོད་ཡག་པོ་བྱས་ནས། ཚང་མར་འཛུམ་མདངས་ཇེ་རྒྱས་དང་སེམས་པ་བདེ་སྐྱིད་ལྡན་པར་བྱེད་དགོས།
ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་ཉེར་ལྔ་འཁོར་བའི་སྐབས་འདིར། ང་རང་ཡང་བསྐྱར་ཧའོ་ཅང་གཙང་འགྲམ་དུ་སོང་ནས་འཕེལ་རྒྱས་གསར་པ་དང་འཕོ་འགྱུར་གསར་པ་མཐོང་བས་དགའ་སྤྲོ་བསྐྱེད་བྱུང་། ང་ཚོས་རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་ཀྱི་བྱེད་ཕྱོགས་ལག་བསྟར་མཐའ་འཁྱོངས་ཏེ། ཞང་ཀང་དང་ཨའོ་མོན་དུས་ཡུན་རིང་པོར་འབྱོར་ཕྱུག་དང་བརྟན་བརླིང་ཡོང་བར་འབད་རྒྱུ་ཡིན། མཚོ་འགག་ངོགས་གཉིས་ཀྱི་སྤུན་ཟླ་ཁྱིམ་ཚང་གཅིག་ལྟར་མཐུན། སུས་ཀྱང་ང་ཚོའི་ཁྲག་རྒྱུན་དང་བརྩེ་བ་བསྒྱུར་ཐབས་མེད། སུས་ཀྱང་མེས་རྒྱལ་གཅིག་གྱུར་གྱི་ལོ་རྒྱུས་འཕེལ་ཕྱོགས་ལ་བཀག་འགོག་བྱེད་མི་རུང་།
འཛམ་གླིང་ལ་ལོ་བརྒྱའི་འཕོ་འགྱུར་ཆེན་པོ་འབྱུང་བཞིན་ཡོད་པས། གུ་ཡངས་པོས་འགལ་བ་དག་སེལ་དགོས་ལ། བརྩེ་སེམས་ཟབ་མོས་མིའི་རིགས་ཀྱི་ལས་དབང་ལ་དོ་ཁུར་བྱེད་དགོས། ཀྲུང་གོས་རྒྱལ་ཁབ་ཁག་དང་མཉམ་དུ་མཛའ་མཐུན་མཉམ་ལས་ལག་ལེན་མཁན་དང་ཤེས་རིག་དཔེ་སྟོན་གྱི་སྐུལ་འདེད་མཁན། མིའི་རིགས་ཀྱི་ལས་དབང་གཅིག་པའི་ཐུན་མོང་ཚོགས་པ་འཛུགས་སྐྱོང་ནང་ཞུགས་མཁན་བཅས་བྱས་ནས། མཉམ་དུ་འཛམ་གླིང་གི་མ་འོངས་བདེ་སྐྱིད་བཏོད་འདོད་ཡོད།
ཕུགས་འདུན་རྒྱ་ཆེ་ཡང་བརྩོན་པ་བྱས་ན་མི་འགྲུབ་པ་མེད། སྨོན་འདུན་འགྲུབ་དཀའ་ཡང་རྒྱུན་འཁྱོངས་ཐུབ་ན་མི་འགྲུབ་པ་མེད། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་བགྲོད་ལམ་གསར་པའི་ཐོག མི་ཚང་མ་གཙོ་སྒྲུབ་པ་དང་དཀའ་ལས་ཚང་མ་རྩ་ཆེན་ཡིན། འོད་སྣང་ཐམས་ཅད་གཟི་བརྗིད་དང་ལྡན་པ་ཞིག་ཡིན།
རི་ཆུ་ལུང་གསུམ་མཐའ་ནས་བསྐོར། རྒྱལ་ཁམས་ཡོངས་སུ་བདེ་སྐྱིད་ལྡན། ང་ཚོས་རེ་བ་ཆེན་པོ་བཅངས་ནས་ལོ་གསར་པ་དགའ་བས་བསུ། མེས་རྒྱལ་ལ་ཆར་ཆུ་དུས་སུ་འབབ་ནས་ལོ་ལེགས་འབྱུང་བ་དང་། སྟོབས་འབྱོར་མངའ་ཐང་རྒྱས་པའི་སྨོན་འདུན་ཞུ། ཚང་མའི་བསམ་དོན་ལྷུན་གྱིས་འགྲུབ་ཞིང་དགའ་སྤྲོ་བདེ་སྐྱིད་ལྡན་པ། སྐུ་ལུས་གསལ་ཐང་ཡོང་བའི་སྨོན་འདུན་ཞུ།།
འཕྲིན་སྟེགས། weikangba