དགོངས་པ་གསར་པས་བགྲོད་ལམ་གསར་པར་སྣེ་ཁྲིད།

2024-12-27
234

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འགྲིམ་འགྲུལ་ལམ་ཐིག་གསར་པ་རེ་རེ་ལ་མི་དམངས་ཀྱི་བདེ་སྐྱིད་དང་ཕུགས་འདུན་བཅངས་ཡོད་ཅེས་གསུངས། ད་ལོ་ནས་བཟུང་རང་རྒྱལ་གྱི་འགྲིམ་འགྲུལ་རྨང་གཞི་སྒྲིག་ཆས་དྲྭ་བ་སྔ་ལས་འཐུས་ཚང་བྱུང་། སྐྱེལ་འདྲེན་ཞབས་ཞུའི་ནུས་པ་ཇེ་མཐོར་ཆགས་པ་དང་། ཚན་རྩལ་གསར་གཏོད་ནུས་པ་མངོན་གསལ་ཇེ་མཐོར་ཆགས་ཤིང་། འགྲིམ་འགྲུལ་དར་རྒྱས་ཆེ་བའི་རྒྱལ་ཁབ་འཛུགས་སྐྲུན་ལ་འཕེལ་རྒྱས་ཀྱི་ཐེམ་སྐས་གསར་པ་ཞིག་ལ་བསླེབས་ཡོད།

ཚེས་ཉེར་དྲུག་ཉིན་གྱི་སྔ་དྲོར་ཧྲང་ཧའེ་ཅང་སུའུ་ཧུའུ་ཀྲོའུ་མྱུར་བགྲོད་ལྕགས་ལམ་དངོས་སུ་འཁོར་སྐྱོད་བྱེད་ཀྱིན་ཡོད་ལ། སྤྱི་ལེ་བརྒྱ་དང་རེ་བཞི་ཡོད་པའི་མྱུར་བགྲོད་ལྕགས་ལམ་འདིའི་འགྲམ་རྒྱུད་དུ་འབབ་ཚིགས་བརྒྱད་ཡོད་ཅིང་། ཧྲང་ཧའེ་ཧུང་ཆའོ་ནས་ཧུའུ་ཀྲོའུ་ས་ཚིགས་བར་ཆེས་མགྱོགས་ན་སྐར་མ་ང་ལྔ་མ་གཏོགས་མི་དགོས་པས། མི་རྣམས་འགྲོ་འོང་བྱེད་པར་སྔ་ལས་སྟབས་བདེ་དང་འགྲིམ་འགྲུལ་བདེ་མོ་འདེམ་ཀ་བྱེད་ཆོག

  མིག་སྔའི་བར་དུ་རང་རྒྱལ་གྱི་ལྕགས་ལམ་སྤྱིའི་རིང་ཚད་སྤྱི་ལེ་འབུམ་གཅིག་ཁྲི་དྲུག་ལ་ཟིན་ཞིང་། རྒྱལ་ཁབ་སྣ་འཛོམས་ལངས་གཟུགས་འགྲིམ་འགྲུལ་དྲྭ་བའི་རིང་ཚད་སྤྱི་ལེ་ས་ཡ་དྲུག་ཡོད་པ་རེད། འགྲིམ་འགྲུལ་སྒྲིག་གཞི་མུ་མཐུད་ནས་འཐུས་ཚང་བཏང་ནས། ཀྲུང་ཧྭ་ས་གཞི་ཆེན་པོའི་ཐོག་གི་བར་ཐག་ཇེ་ཐུང་བཏང་ཞིང་གྲོང་ཁྱེར་དང་གྲོང་གསེབ་མི་སེར་རྣམས་ཀྱི་འཚོ་བའི་ཆུ་ཚད་ཇེ་བཟང་དུ་འགྲོ་བཞིན་ཡོད།

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བདེ་འཇགས་དང་སྟབས་བདེ། ནུས་མཐོ། ལྗང་མདོག དཔལ་འབྱོར། ཁོག་ཡངས། མཉེན་ཤུགས་ལྡན་པའི་རྒྱུན་མཐུད་ཐུབ་པའི་འགྲིམ་འགྲུལ་མ་ལག་འཛུགས་པ་ནི། དཔལ་འབྱོར་དང་སྤྱི་ཚོགས་སྤུས་མཐོའི་འཕེལ་རྒྱས་དང་། མི་རྣམས་འགྲོ་འོང་དང་དངོས་ཟོག་སྐྱེལ་འདྲེན་ཀྱི་མཛེས་སྡུག་ལྡན་པའི་ཕུགས་འདུན་འགྲུབ་ཐབས་གལ་ཆེན་ཡིན་ཞེས་ནན་གསུང་གནང་ཡོད།

  ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག རྨང་གཞི་སྒྲིག་ཆས་འཆར་འགོད་གསར་པ་དང་ཚད་ལྡན་མ་ལག་འཛུགས་པ་དང་། སྣ་འཛོམས་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་བཅོས་སྒྱུར་ཟབ་སྤེལ་གཏོང་དགོས་པ་བསྟན། ལྕགས་ལམ་ལམ་ལུགས་བཅོས་བསྒྱུར་དང་། ཀུན་སྤྱོད་མཁའ་འགྲུལ་དང་མཁའ་དམའི་དཔལ་འབྱོར་འཕེལ་རྒྱས། གཞུང་ལམ་གླ་ཡོན་སྲིད་ཇུས་ལེགས་བཅོས། སྤྱི་ཚོགས་ཡོངས་སུ་ཟོག་འདྲེན་མ་རྩ་ཇེ་དམའ་གཏོང་བ་སོགས་བཅོས་བསྒྱུར་བྱེད་ཐབས་རབ་དང་རིམ་པ་ལག་བསྟར་བྱེད་པ་དང་བསྟུན། རང་རྒྱལ་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་མུ་མཐུད་ནས་སྤུས་ཀ་མཐོ་ཞིང་རྒྱུན་མཐུད་ཐུབ་པའི་ཁ་ཕྱོགས་སུ་འཕེལ་རྒྱས་གཏོང་བཞིན་ཡོད།  ད་ལོར་རང་རྒྱལ་འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་མགྱོགས་མྱུར་འཛུགས་སྐྱོང་གི་དུས་རིམ་གསར་པར་སླེབས་ཡོད། འགྲིམ་འགྲུལ་ལས་གཞི་གལ་ཆེན་རྒྱུན་ཆད་མེད་པར་འཛུགས་སྐྲུན་བྱས་ནས་མྱུར་ཚད་མུ་མཐུད་དུ་ཇེ་མགྱོགས་བཞིན་ཡོད། ད་ལོར། འགྲིམ་འགྲུལ་གཏན་འཇགས་རྒྱུ་ནོར་མ་གཏོང་འཁོར་བསྐྱོད་མཐོན་པོ་རྒྱུན་འཁྱོངས་བྱེད་དེ། ལོ་ཧྲིལ་པོའི་མ་གཏོང་སྔོན་རྩིས་བསྡོམས་པས་སྒོར་དུང་ཕྱུར་སུམ་ཁྲི་བརྒྱད་སྟོང་ལ་ཟིན་ཞིང་། ལྕགས་ལམ་ལམ་ཐིག་གསར་པ་སྤྱི་ལེ་ཉིས་སྟོང་ལས་བརྒལ། འཕྲེད་བརྒྱད་གཞུང་བརྒྱད་མྱུར་བགྲོད་ལྕགས་ལམ་གྱི་བགྲོད་ལམ་གཙོ་བོ་མུ་མཐུད་ནས་རིང་དུ་བསྲིངས་ཏེ། མིག་སྔར་གྲོང་ཁུལ་གྱི་མི་འབོར་འབུམ་ལྔའི་གྲོང་ཁྱེར་ནང་། བརྒྱ་ཆའི་གོ་དྲུག་ལ་མྱུར་བགྲོད་ལྕགས་ལམ་ཤར་གཏོང་ཐུབ་ཡོད། གྲོང་ཁྱེར་སྔར་ལས་མང་པོར་མྱུར་བགྲོད་ལྕགས་ལམ་འཕེལ་རྒྱས་མགྱོགས་པོར་གཏོང་བཞིན་ཡོད། གཞུང་ལམ་འཛུགས་སྐྲུན་ཇེ་མང་ནས་ཇེ་མང་དུ་འགྲོ་བཞིན་ཡོད་ལ།མིག་སྔའི་བར། རྒྱལ་ཡོངས་མྱུར་བགྲོད་གཞུང་ལམ་ཐོག་རླངས་འཁོར་ཤར་གཏོང་སྤྱི་ལེ་ཆིག་འབུམ་དགུ་ཁྲི་ལ་ཟིན། བཞི་བཟང་གྲོང་སྡེའི་ལམ་བུ་ཡང་གྲོང་གསེབ་དར་རྒྱས་ཀྱི་འགྲིམ་འགྲུལ་རྨང་གཞི་བརྟན་པོར་ཆགས་ཡོད། ད་ལོར། སྔོན་དཔག་ལྟར་ན་ལོ་ཧྲིལ་པོར་གསར་དུ་འཛུགས་པའི་ཞིང་སྡེའི་གཞུང་ལམ་སྤྱི་ལེ་ཆིག་འབུམ་དྲུག་ཁྲི་ཡོད་ལ། མིག་སྔར། རང་རྒྱལ་གྱི་གྲོང་སྡེ་གཞུང་ལམ་གྱི་རིང་ཚད་སྤྱི་ལེ་ས་ཡ་བཞི་འབུམ་དྲུག་ལ་ཟིན། སྒྲིག་གཞི་ཆ་ཚང་བའི་གྲོང་སྡེ་ཆིག་འབུམ་ལྔ་སྟོང་གི་ཨར་ལམ་གནད་དོན་ཐག་བཅད་ཐུབ་ཡོད་པས། གྲོང་གསེབ་ཀྱི་གཞུང་ལམ་རེ་རེས་གྲོང་གསེབ་རི་ལུང་ཡོངས་སུ་འཐག་གིས་བཀྲམ་པ་བཞིན་རྒྱུ་བས་མཛེས་སྡུག་གི་ཡུལ་ཁམས་སྦྲེལ་ཞིང་མི་སེར་ལ་བདེ་སྐྱིད་འཚོ་བ་བསྐྲུན་ཡོད།

  ད་ལོར། ལྕགས་ལམ་གཙོ་བོ་དང་གཞུང་ལམ་རྨང་གཞི། དམངས་སྤྱོད་མཁའ་འགྲུལ་དང་ཆུ་འདྲེན་ལེགས་ཆ་བཅས་ནས་རྒྱལ་ཁབ་སྣ་འཛོམས་ལངས་གཟུགས་འགྲིམ་འགྲུལ་དྲ་བ་མགྱོགས་མྱུར་འཐུས་ཚང་བཏང་ཡོད། ལྷོ་མཚོ་འགྲམ་རྒྱུད་ཀྱི་ཧྲེན་ཀྲེན་ནས་ཀྲུང་ཧྲན་བར་གྱི་བགྲོད་ལམ་དང་ཧོང་མའོ་མཚོ་བརྒལ་བགྲོད་ལམ་སྔ་རྗེས་སུ་ཕྱེས་ནས། ཀོང་ཏུང་དང་ཞང་ཀང་། ཨའོ་མེན་མཚོ་ཁུག་ཆེན་མོའི་ཆུ་ཚོད་གཅིག་གི་འཚོ་སྐྱེལ་ས་ཁུལ་གྱི་སྟབས་བདེ་བགྲོད་ལམ་བསྐྲུན་ཡོད། ཕྱོགས་བཞི་མཚམས་བརྒྱུད་སྦྲེལ་བའི་ཁྲང་ཐའེ་འབྲི་ཆུའི་ཟམ་ཆེན་དང་ཝུའུ་ཝེ་མྱུར་བགྲོད་གཞུང་ལམ་སོགས་འགྲིམ་འགྲུལ་ལས་གཞི་གལ་ཆེན་ཁག་གཅིག་མགྱོགས་མྱུར་དུ་ལས་ནས་སྦྲེལ་ལམ་ཆེན་པོ་ཆགས་པ་དང་འཁོར་བསྐྱོད་ཐོགས་པ་མེད་པས། གྲོང་ཁྱེར་དང་གྲོང་གསེབ། ཤར་རྒྱུད་དང་ནུབ་རྒྱུད། ཀྲུང་གོ་དང་འཛམ་གླིང་འབྲེལ་མཐུད་ཆད་མེད་དུ་གྱུར་ཡོད།

དེང་སང་གི་ཀྲུང་གོ་ལ་མཚོན་ན། སྐྱེལ་འདྲེན་བྲེལ་བ་ཆེ་ཚུལ་འཛམ་གླིང་ཐོག་ཨང་དང་པོ་རེད། ད་ལོར། རང་རྒྱལ་གྱི་མཁའ་འགྲུལ་སྤྱི་གཉེར་ཁང་གི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་མི་ཐེངས་དུང་ཕྱུར་བདུན་ལས་བརྒལ་ཞིང་། ༢༠༡༩ལོ་དང་བསྡུར་ན་བརྒྱ་ཆའི་བཅུ་ཚེག་བདུན་འཕར་ཡོད། ཟླ་བ་དང་པོ་ནས་བཅུ་གཅིག་བར། རྒྱལ་ཡོངས་གྱི་གྲུ་ཁས་དོས་སྒམ་སྐྱེལ་འདྲེན་ནི་དོས་སྒམ་དུང་ཕྱུར་གསུམ་ས་ཡ་ལྔ་གྲུབ་ཡོད་པས། ན་ནིང་གི་དུས་མཉམ་དང་བསྡུར་ན་བརྒྱ་ཆའི་བདུན་ཚེག་གསུམ་འཕར་ཡོད།

  ད་ལྟའི་ཀྲུང་གོ་ལ་མཚོན་ན། ཆ་སྙོམས་ཉིན་རེ་ལ་གྲུ་གཟིངས་ཁྲི་བརྒྱད་སྟོང་གསུམ་གྲུ་ཁ་ནས་འགྲོ་འོང་བྱེད་བཞིན་ཡོད་ལ། མཁའ་འགྲུལ་འཕུར་ཐེངས་ཆིག་ཁྲི་ལྔ་སྟོང་དང་། རླངས་འཁོར་བྱེ་བ་གསུམ་ས་ཡ་ལྔ་མྱུར་བགྲོད་གཞུང་ལམ་ཐོག་་གཤར་པ་དང་། སྦྲག་ཐུམ་དུང་ཕྱུར་བཞི་དང་བྱེ་བ་བཞི་གྲོང་ཁྱེར་དང་གྲོང་རྡལ་དུ་སྐྱེལ་བཞིན་ཡོད།

ལམ་དྲྭ་ཕྱོགས་བཞི་མཚམས་བརྒྱད་ལ་སྦྲེལ་ཞིང་། མཁའ་ལམ་འཛམ་གླིང་ཡོངས་ལ་སླེབ་ལ། དངོས་ཟོག་སྐྱེལ་འདྲེན་ཤར་གཏོང་བྱས་ཡོད་པས། འགྲོ་སྐྱོད་སྟབས་བདེ་ཆེན་པོ་བསྐྲུན་ཡོད། འཁོར་སྐྱོད་ཀྱི་ཀྲུང་གོ་ལ་སྐྱེས་སྟོབས་ཀྱི་དཔལ་རབ་ཏུ་འབར་བཞིན་མཆིས། འགྲིམ་འགྲུལ་སྐྱེལ་འདྲེན་པུའུ་ཡི་སྤྱི་ཁྱབ་འཆར་འགོད་པ་ཝུའུ་ཁྲོན་ཀིན་གྱིས། ང་ཚོས་ཁྱོན་ཡོངས་ནས་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱི་གཏན་འབེབས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱས་ཏེ། འགྲིམ་འགྲུལ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་གི་འཐབ་ཇུས་དམིགས་འབེན་ལེགས་པར་གཞིགས་ནས། རྒྱལ་ཁབ་ཕྱོགས་བསྡུས་ལངས་གཟུགས་འགྲིམ་འགྲུལ་དྲ་རྒྱ་འཐུས་ཚང་ཇེ་མགྱོགས་གཏོང་བ་དང་། འགྲིམ་འགྲུལ་ཟོང་འདྲེན་མ་གནས་ཉུང་གཏོང་དང་སྤུས་ཀ་དང་ལས་ཕྱོད་མཐོར་འདེགས་ཟབ་མོ། ཁྱོན་ཡོངས་ནས་འགྲིམ་འགྲུལ་སྐྱེལ་འདྲེན་བཅོས་སྒྱུར་ཟབ་སྤེལ་བཅས་བྱས་ནས། ལོ་ལྔའི་འཆར་གཞི་ཨང་བཅུ་བཞི་པའི་འཆར་འགོད་དམིགས་འབེན་ལས་འགན་འགྲུབ་གང་ཐུབ་བྱེད་པ་དང་། འགྲིམ་འགྲུབ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་ཇེ་མགྱོགས་གཏོང་བའི་དུས་རིམ་གསར་པར་གྲུབ་འབྲས་གསར་པ་ལེན་གང་ཐུབ་བྱ་རྒྱུ་ཡིན་ཞེས་བཤད།


  • 顶