ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས།

2024-12-26
366

  ཟླ་བ་བཅུ་གཉིས་པའི་ཚེས་ཉེར་གསུམ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་འཚོགས་ཏེ། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་སྐོར་གྱི་བསམ་འཆར་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། སྨན་རྫས་དང་སྨན་བཅོས་འཕྲུལ་ཆས་ལྟ་སྐུལ་དོ་དམ་བཅོས་བསྒྱུར་ཇེ་ཟབ་ཏུ་བཏང་ནས་སྨན་རྫས་ཐོན་ལས་སྤུས་མཐོའི་འཕེལ་རྒྱས་ཡོང་བའི་འབྲེལ་ཡོད་བྱེད་ཐབས་བཀོད་སྒྲིག་བྱས་ཤིང་། བཟའ་བཅའ་བདེ་འཇགས་མ་ལག་ཡོངས་ཀྱི་ལྟ་སྐུལ་དོ་དམ་ཇེ་དྲག་ཏུ་གཏོང་བའི་འབྲེལ་ཡོད་ལས་ཀ་ལ་ཞིབ་འཇུག་མཛད། སྤུས་མཐོའི་འཕེལ་རྒྱས་ཀྱི་ལུགས་བསྒྱུར་རྩིས་སྤྲོད་སྐུལ་སློང་དང་བཀག་སྡོམ་ལམ་ལུགས་འཛུགས་པའི་སྙན་ཞུ་ལ་གསན་པ་རེད། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་བར་འདུག་ལས་ཁུངས་ཀྱིས་སྤྱི་གཉེར་ཁང་གིས་རྐང་འཛིན་འགྲེམ་སྤེལ་བྱེད་པར་ཞབས་ཞུ་མཁོ་འདོན་ཚད་ལྡན་གཏོང་བའི་སྐོར་གྱི་གཏན་འབེབས་ཀྱི་འཆར་ཟིན་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

  གྲོས་ཚོགས་ཐོག ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་ནི་སྲིད་འཛིན་ཁྲིམས་བསྟར་བྱེད་མཁན་གཙོ་བོས་སྲིད་འཛིན་དོ་དམ་འགན་འཁྲི་ལག་ལེན་བྱེད་པའི་བྱེད་ཐབས་གལ་ཆེན་རེད། དེ་ནི་ཁེ་ལས་ཀྱིས་ཁྲིམས་མཐུན་ཚོང་གཉེར་བྱེད་པར་སྣེ་ཁྲིད་དང་ཚད་ལྡན་གཏོང་ཆེད་ཡིན། ཚོང་རའི་སྔོན་དཔག་ཇེ་བརྟན་གཏོང་བ་དང་། ཁྲིམས་ལྟར་སྲིད་འཛིན་ཆུ་ཚད་མཐོར་འདེགས་གཏོང་བར་དམིགས་ནས། ཁེ་ལས་དང་འབྲེལ་བའི་སྲིད་འཛིན་ཞིབ་བཤེར་ཚད་ལྡན་ནན་མོ་གཏོང་བ། ཞིབ་བཤེར་ཁ་གྲངས་བཀོད་སྒྲིག་ལུགས་མཐུན་དང་ཞིབ་བཤེར་བྱེད་ཤུགས་འོས་ཤིང་འཚམ་པ།གནས་ལ་ཁེལ་གང་ཐུབ་བཅས་བྱས་ནས། ཞིབ་བཤེར་བྱེད་མཁན་ཡོད་པ་དང་ཞིབ་བཤེར་ཚད་ལས་མི་བརྒལ་བ་བྱ་དགོས། 

  སྲིད་འཛིན་ཞིབ་བཤེར་བྱེད་མཁན་གཙོ་བོ་གཏན་ཁེལ་བྱེད་པ། སྲིད་འཛིན་ཞིབ་བཤེར་དོན་ཚན་དབྱེ་ཞིབ་སྤྱི་བསྒྲགས་བྱས་ནས། འགོ་ཁུངས་ནས་གང་མོས་ཞིབ་བཤེར་ལ་བཀག་སྡོམ་བྱེད་དགོས། ཞིབ་བཤེར་བྱེད་ཐབས་གཏན་ཁེལ་ལུགས་མཐུན་དང་། ཞིབ་བཤེར་ཚད་གཞི་དང་གོ་རིམ་ནན་མོ་གཏོང་བ། སྲིད་འཛིན་ཞིབ་བཤེར་ཁྲིམས་བསྟར་ལྟ་སྐུལ་ཇེ་དྲག་གཏོང་བ། ཁེ་ལས་ནང་དུ་སོང་ནས་ཞིབ་བཤེར་བྱེད་གྲངས་ཇེ་ཉུང་གཏོང་བ། གང་མོས་ཞིབ་བཤེར་བྱེད་མི་ཉན་པ། སྲིད་འཛིན་ཞིབ་བཤེར་ཚད་ལྡན་གཏོང་བ་དེ་སང་ལོར་ཁེ་ལས་དང་འབྲེལ་བའི་ཁྲིམས་བསྟར་ཆེད་དོན་བྱ་སྤྱོད་སྤེལ་བའི་ནང་དོན་གལ་ཆེན་ལ་བརྩིས་ཤིང་། དུས་ཐོག་ཏུ་བསམ་འཆར་ཆེ་བའི་འབུར་ཐོན་གནད་དོན་ཐག་གཅོད་པ་དང་། གང་མོས་ཞིབ་བཤེར་གྱི་ཆད་གཅོད་ནུས་ཤུགས་ཇེ་ཆེར་བཏང་ནས། ནན་གྱིས་འགན་འཁྲི་བདའ་འདེད་བྱེད་དགོས་ཞེས་བཏོན་པ་རེད།

  གྲོས་ཚོགས་ཐོག སྨན་རྫས་སྨན་བཅོས་འཕྲུལ་ཆས་ཀྱི་ལྟ་སྐུལ་རྒྱུད་རིམ་ཡོངས་བཅོས་བསྒྱུར་ཟབ་མོ་བྱས་ནས། མང་ཚོགས་ཀྱི་སྤུས་ཀ་མཐོ་བའི་སྨན་རྫས་སྨན་བཅོས་འཕྲུལ་ཆས་ཀྱི་དགོས་མཁོ་སྔར་ལས་ཡག་པོ་སྐོང་དགོས། སྨན་རྫས་དང་སྨན་བཅོས་འཕྲུལ་ཆས་ཞིབ་འཇུག་གསར་གཏོད་ལ་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། གསར་གཏོད་སྨན་རྫས་དང་སྨན་བཅོས་འཕྲུལ་ཆས་ཁྱབ་གདལ་དང་བེད་སྤྱོད་གང་ལེགས་བྱེད་དགོས། ཞིབ་དཔྱད་དང་ཞིབ་བཤེར་ཆོག་མཆན་སྤུས་ནུས་ཇེ་མཐོར་བཏང་ནས། ནད་ཐོག་མཁོ་ཆེ་སྨན་རྫས་དང་སྨན་བཅོས་འཕྲུལ་ཆས་ཞིབ་མཆན་ཁྲོམ་ཞུགས་ཇེ་མགྱོགས་གཏོང་དགོས། ལྟ་སྐུལ་ནུས་མཐོ་ནན་མོར་བརྟེན་ནས་སྨན་རྫས་ཐོན་ལས་ཚུལ་མཐུན་ཆུ་ཚད་ཇེ་མཐོར་བཏང་ནས། སྨན་རྫས་ཐོན་ལས་ཀྱིས་སྒོ་འབྱེད་མཉམ་ལས་རྒྱ་སྐྱེད་པར་རྒྱབ་སྐྱོར་བྱེད་དགོས། སྨན་བཅོས་འགན་ལེན་དང་སྨན་བཅོས། རིན་གོང་སོགས་ཀྱི་སྲིད་ཇུས་དུས་ཐོག་རྗེས་འདེད་བྱས་ནས། སྨན་རྫས་ཐོན་ལས་སྤུས་ཀ་མཐོ་བའི་འཕེལ་རྒྱས་ལ་མཐུན་སྦྱོར་ཤུགས་འདོན་བྱེད་དགོས་ཞེས་བསྟན་པ་རེད།

  གྲོས་ཚོགས་ཐོག བཟའ་བཅའ་བདེ་འཇགས་ནི་མི་དམངས་མང་ཚོགས་ཀྱི་ལུས་པོ་བདེ་ཐང་དང་ཚེ་སྲོག་བདེ་འཇགས་དང་འབྲེལ་བ་ཡོད་པས། འབྱུང་ཁུངས་སྔོན་འགོག་དང་། རྒྱུད་རིམ་དོ་དམ་ནན་མོ། ཉེན་ཁ་ཚོད་འཛིན་ནན་མོ་བཅས་བྱས་ནས། མ་ལག་ཡོངས་ཀྱི་ལྟ་སྐུལ་དོ་དམ་ནུས་པ་དང་ཆུ་ཚད་ཇེ་མཐོར་གཏོང་བ་དང་། བཟའ་བཅའ་བདེ་འཇགས་ཀྱི་མཐའ་ཚད་བརྟན་སྲུང་བྱེད་དགོས་ཞེས་བསྟན།

  གྲོས་ཚོགས་ཐོག རྩིས་སྤྲོད་སྤོ་སྒྱུར་གྱིས་ས་གནས་སྤུས་ཀ་མཐོ་བའི་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་བྱས་ནས། སྐུལ་སློང་མ་དངུལ་བཀོད་སྒྲིག་དེ་ཁྲལ་བསྡུ་བྱས་རྗེས་ཆེན་པོ་དང་ཡོང་འབབ་འཕར་ཚད་མགྱོགས་པའི་ས་ཁུལ་ལ་གཟིགས་སྐྱོང་བྱེད་དགོས། ཚན་རིག་དང་མཐུན་ཞིང་ཚད་ལྡན་ངང་ལམ་ལུགས་ལག་བསྟར་བྱེད་པ་དང་། ས་གནས་ཁག་གིས་སྤུས་ཀ་མཐོན་པོས་ཁྲལ་ཁུངས་གསོ་སྐྱོང་ལ་བརྟེན་ནས། འཕེལ་རྒྱས་རང་རྟོགས་ནུས་པ་དང་ནོར་སྲིད་རྒྱུན་མཐུད་ནུས་པ་ཇེ་དྲག་གཏོང་དགོས་ཞེས་བསྟན།

  གྲོས་ཚོགས་ཐོག བར་འདུམ་ལས་ཁུངས་ཀྱི་མ་རྩ་ཚོང་རའི་ལྟ་སྐུལ་པའི་ནུས་པ་འདོན་སྤེལ་བྱེད་པ་དང་། བར་འདུམ་ལས་ཁུངས་དང་འགྲེམ་སྤེལ་མཁན་བར་གྱི་ཚུལ་མིན་ཁེ་ཕན་འབྲེལ་བ་ཆགས་པར་སྔོན་འགོག་བྱེད་དགོས། ནོར་དོན་རྫུན་བཟོ་དང་། འགྲེམ་སྤེལ་མགོ་སྐོར་སོགས་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས། དངུལ་གཏོང་མཁན་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ཏིག་ཏིག་དང་། མ་རྩ་ཚོང་ར་བདེ་ལེགས་དང་བརྟན་བརླིང་ངང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་ཞེས་ནན་གྱིས་བསྟན་པ་རེད། གྲོས་ཚོགས་ཐོག་ད་དུང་དོན་ཚན་གཞན་དག་ལ་ཞིབ་འཇུག་བྱས་པ་རེད།


  • 顶