
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྤེལ་བྱེད་པར། ཚན་རིག་ལག་རྩལ་གྱིས་དཔུང་སྣེ་འདྲེན་དགོས་ལ། ཚན་རྩལ་གསར་གཏོད་ནི་བརྒྱུད་དགོས་པའི་ལམ་བུ་ངེས་ཅན་ཞིག་ཡིན། ༢༠༢༤ལོར། རང་རྒྱལ་གྱི་ཚན་རྩལ་སྟོབས་ཤུགས་མུ་མཐུད་དུ་ཇེ་དྲག་ཕྱིན་པ་དང་། གསར་གཏོད་རང་བཞིན་གྱི་རྒྱལ་ཁབ་འཛུགས་སྐྱོང་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཅིང་། ཚན་རིག་གསར་གཏོད་ཐད་གཏོང་འཇོག་མུ་མཐུད་དུ་ཇེ་མང་ཕྱིན་ཡོད། རྒྱལ་ཁབ་གསར་གཏོད་མ་ལག་སྔར་ལས་འཐུས་ཚང་དང་། ཚན་རྩལ་གསར་གཏོད་ཀྱི་གྲུབ་འབྲས་རྒྱུན་ཆད་མེད་པར་ཐོབ་པ། ཚན་རྩལ་ཐོན་འབྲས་སྤུས་ཚད་་བཟང་ཞིང་མཐོར་འདེགས་མཉམ་བྱུང་ཐུབ་པ། དེ་རིང་གི་ཀྲུང་གོ་ནི་འཛམ་གླིང་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་རླབས་ཆེན་དམིགས་འབེན་ཕྱོགས་སུ་གོམ་སྟབས་ཆེན་པོས་མདུན་མར་སྐྱོད་བཞིན་ཡོད།
གསར་གཏོད་ཅན་གྱི་ཀྲུང་གོ་རུ་སྐར་མ་རེ་རེའི་ནང་ཡ་མཚན་ཅི་ཞིག་བྱུང་བཞིན་ཡོད་ཟེར་ན། སྐར་མ་རེའི་ནང་ཁ་པར་གྱི་ས་ཁྲ་ཕྱོགས་སྟོན་ཁྲོད་བྱང་སྐར་གནས་གཏན་ཞབས་ཞུ་དེ་ཆ་སྙོམས་གྲངས་ཐེངས་དུང་ཕྱུར་བཞི་དང་བྱེ་བ་གཉིས་བེད་སྤྱོད་བཏང་ཡོད། དེ་རིང་གི་ཀྲུང་གོར། བྱང་སྐར་ཐོན་ལས་མ་ལག་དང་མཁོ་སྤྲོད་མ་ལག་ལ་དུང་ཕྱུར་རིམ་པའི་གཞི་ཁྱོན་ཅན་གྱི་ཐོན་ཚད་མངོན་འགྱུར་བྱུང་ཡོད། སྐར་མ་རེའི་ནང་། འོད་ནུས་ཐོན་ལས་གླིང་ཁུལ་འདིས་ཉི་ནུས་གློག་རྫས་བྱང་ལེབ་ཁྲི་གཅིག་ལྷག་ཐོན་སྐྱེད་བྱེད་ཐུབ། དེ་རིང་གི་ཀྲུང་གོར། གོ་ལ་ཧྲིལ་བོའི་ནུས་ཁུངས་གསར་པའི་ཐོན་ལས་མ་ལག་ཆེས་ཆེ་ཤོས་དང་ཆེས་འཐུས་སྒོ་ཚང་བས། གོ་ལ་ཧྲིལ་བོར་བརྒྱ་ཆའི་བདུན་ཅུ་ལྷག་ལ་འོད་ནུས་ལྷུ་ལག་མཁོ་སྤྲོད་བྱས་ཡོད། སྐར་མ་རེའི་ནང་། འདི་འདྲའི་དངོས་ཟོག་སྐྱེལ་འདྲེན་ཀྱི་མཛོད་ཁང་གཅིག་གིས་རང་སྒུལ་དབྱེ་གསེས་མ་ལག་གིས་དངོས་ཐུམ་སུམ་སྟོང་རེ་དབྱེ་གསེས་བྱེད་ཐུབ་ཀྱིན་ཡོད། དེ་རིང་གི་ཀྲུང་གོར། མགྱོགས་སྐྱེལ་གྱི་ལོ་རེའི་ལས་གཉེར་བྱེད་ཚད་དངོས་པོ་དུང་ཕྱུར་ཆིག་སྟོང་ལྔ་བརྒྱ་བརྒལ་ཡོད་པས། ཡང་བསྐྱར་ལོ་རྒྱུས་ཀྱི་ཆེས་མང་བའི་ཟིན་ཐོ་གསར་པ་བསྐྲུན་ཡོད། སྐར་མ་རེའི་ནང་། ཟླ་བའི་ལྷ་མོ་ཨང་རྟགས་དྲུག་པའི་འཚོལ་ཞིབ་ཆས་དེ་སྤྱི་ལེ་དྲུག་བརྒྱ་དོན་གཉིས་ལ་འཕུར་ཐུབ་ཅིང་། དེ་རིང་གི་ཀྲུང་གོས་མིའི་རིགས་ཀྱིས་ཐོག་དང་པོར་ཟླ་བའི་རྒྱབ་ངོས་ནས་མ་དཔེ་བླངས་པའི་རླབས་ཆེན་བྱ་གཞག་ལེགས་གྲུབ་བྱས་ཡོད་པ་རེད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཆུ་ཚད་མཐོན་པོས་ཚན་རྩལ་རང་རྐྱ་རང་སྟོབས་ཐུབ་པ་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་འཛུགས་སྐྱོང་བྱེད་པའི་གནད་འགག་རེད་ཅེས་གསུངས་ཡོད། ད་ལོ་ནས་བཟུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱིས་ཐེངས་དང་པོའི་ཐུན་མོང་སློབ་སྦྱོང་ནས། རྒྱལ་ཡོངས་ཚོགས་ཆེན་གཉིས་ཀྱི་སྐབས་སུ་སྲིད་གྲོས་ཚན་རྩལ་ལས་རིགས་ཀྱི་ཨུ་ཡོན་ལ་འཚམས་འདྲི་ཞུ་བ། ཀྲུང་དབྱང་བཅོས་བསྒྱུར་ཟབ་སྤེལ་ཨུ་ལྷན་གྱི་གྲོས་ཚོགས་ནས་རྒྱལ་ཡོངས་ཚན་རྩལ་ཚོགས་ཆེན། རྒྱལ་ཁབ་ཚན་རིག་ལག་རྩལ་གྱི་གཟེངས་བསྟོད་ཚོགས་ཆེན་སོགས་ལ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུ་མང་པོའི་ཐོག་ཚན་རྩལ་གསར་གཏོད་ཀྱི་སྐོར་ཞལ་གླེང་གང་མང་གནང་ཡོད།
ས་གནས་སུ་གཟིགས་ཞིབ་གནང་བའི་སྐབས་སུ། སྤྱི་ཁྱབ་ཧྲུའུ་ཅི་ཡིས་ཐེངས་མང་པོར་ཚན་རྩལ་གསར་གཏོད་ཀྱི་ལས་ཀའི་ཐད་ནས་བཀོད་སྒྲིག་གནང་ཡོད་དེ། ཧུའུ་ནན་དུ་ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཐོན་ལས་གསར་གཏོད་ལ་བྱས་རྗེས་ཆེན་པོ་འཇོག་དགོས་ཞེས་བཏོན་ཡོད། ཧུའུ་པེ་རུ་ཆུ་ཚད་མཐོན་པོས་ཚན་རྩལ་རང་རྐྱ་རང་སྟོབས་ཐུབ་པ་དང་སྤུས་གསར་ཐོན་སྐྱེད་ནུས་པ་འཕེལ་རྒྱས་གཏོང་དགོས་ཞེས་བཏོན་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་ཕྱོགས་ཡོངས་ནས་གསར་གཏོད་ལ་རྒྱབ་སྐྱོར་བྱེད་པའི་ལམ་ལུགས་ནང་རྐྱེན་འཛུགས་དགོས་ཞེས་གསལ་པོ་བསྟན་ཡོད། སློབ་གསོ་དང་ཚན་རྩལ་འཇོན་མིའི་ལམ་ལུགས་ནང་རྐྱེན་ཕུང་གཅིག་ཅན་དུ་བཅོས་བསྒྱུར་ལ་གཅིག་འགྱུར་འཆར་འགོད་བྱེད་པ་དང་། རྒྱལ་ཡོངས་སྒྲིག་སྲོལ་གསར་པ་འཐུས་ཚང་གཏོང་བ། རྒྱལ་ཁབ་ཀྱི་གསར་གཏོད་མ་ལག་གི་སྤྱིའི་ཕན་ནུས་མཐོར་འདེགས་གཏོང་དགོས་ཞེས་ནན་གྱིས་བསྟན་ཡོད།
ད་ལོར་རྒྱལ་ཁབ་ཀྱི་ཡུན་རིང་འཕེལ་རྒྱས་གཏོང་བའི་དགོས་མཁོ་དང་འཛམ་གླིང་ཚན་རྩལ་སྔོན་འགྲོར་དམིགས་ནས། ཐོག་མའི་གསར་གཏོད་དང་གནད་འགག་གི་ལག་རྩལ་འགག་སྒྲོལ་ལ་གཞོགས་འདེགས་ནུས་ལྡན་བྱེད་པ། ཚན་རྩལ་ཆེན་པོའི་སྒྲིག་བཀོད་འཛུགས་སྐྱོང་རྒྱུན་ཆད་མེད་པར་ཇེ་མགྱོགས་དང་། འཛུགས་སྐྲུན་བྱེད་བཞིན་པ་དང་འཁོར་སྐྱོད་བྱེད་པ་དྲུག་ཅུ་ལས་བརྒལ་ཡོད། སྒྲིག་ཆས་ཁ་ཤས་ཀྱི་ཕྱོགས་བསྡུས་ཆུ་ཚད་འཛམ་གླིང་གི་མདུན་གྲས་སུ་ཚུད་ཡོད་པ་རེད། སི་ཁྲོན་ཞིང་ཆེན་འདབ་པ་རྫོང་དུ། ལྟ་ཞིབ་ཚད་ལེན་བྱེད་དཀའ་བའི་འཇིག་རྟེན་འཕྲོ་ཐིག་དེ་འདབ་པའི་མཚོ་འཕགས་མཐོ་བའི་འཇིག་རྟེན་འཕྲོ་ཐིག་ལྟ་ཞིབ་ཚད་ལེན་ས་ཚིགས་ལྭ་སོ་ཡིས་ལྟ་ཞིབ་ཐུབ་ཡོད། པེ་ཅིན་ཧུའེ་རུའོ་རུ། སྣ་འཛོམས་ཐལ་དྲགས་ཆ་རྐྱེན་ཚོད་ལྟའི་སྒྲིག་ཆས་ཀྱིས་ནེའུ་ཅི་དྲོད་ཚད་མཐོ་བའི་ཚད་བརྒལ་འདྲེན་གཟུགས་ཞིབ་འཇུག་ཁྱབ་ཁོངས་སུ་གྲུབ་འབྲས་ཆེན་པོ་ཐོབ་ཡོད།
ད་ལོར་ཚན་རྩལ་གསར་གཏོད་ཐད་གྲུབ་འབྲས་མང་པོ་བླངས་ཡོད་ལ། གསར་གཏོད་ལ་བརྟེན་ནས་སྤུས་མཐོའི་འཕེལ་རྒྱས་སྣེ་ཁྲིད་པའི་ཐད་ཕན་འབྲས་གསར་པ་ཐོབ་ཡོད།ཆེས་མཐོ་བའི་རི་བོ་ཇོ་མོ་གླང་མ་རུ་བརྡ་འཕྲིན་རབས་ལྔ་པ་འཕྲེད་ཐིག་ཀ་བའི་རྟེན་གཞི་ཐོག་མ་བཙུགས་ཡོད་པས། འཛམ་གླིང་གི་རི་བོ་མཐོ་ཤོས་སུ་བརྡ་འཕྲིན་རབས་ལྔ་ཚེག་ལྔའི་དུས་རབས་ལ་སླེབས་ཡོད།ཆེས་མགྱོགས་པའི་ཧྲེན་ཀྲེན་ནས་ཀྲུང་ཧྲན་བར་གྱི་བགྲོད་ལམ་གྱིས་འཛམ་གླིང་རྩེ་གྲའི་རྣམ་གྲངས་བཅུ་བསྐྲུན་ཡོད་ལ།རིང་ཚད་སྤྱི་ལེ་ཉེར་བཞི་དང་སྐར་མ་སུམ་ཅུའི་ལམ་ཐག་བརྒྱུད། ཀོང་ཏུང་དང་ཞང་ཀང་། ཨའོ་མོན་མཚོ་ཁུག་ཆེན་མོ་མཐུན་སྦྱོར་འཕེལ་རྒྱས་ཇེ་མགྱོགས་བཏང་ཡོད།ཆེས་ཟབ་པའི་རྒྱ་མཚོ་གཏིང་སྔོག་གྲུ་གཟིངས་ཐོག་མ་ཕུགས་འདུན་རྟགས་ཅན་རུ་སྟར་ནང་ཞུགས་ནས། གཏིང་སྔོག་གྲུ་གཟིངས་ཀྱིས་གོ་ལའི་གཏིང་དུ་འཚོལ་ཞིབ་བྱ་རྒྱུ་རེད།
མཐུ་སྟོབས་ཆེས་ཤོས་ཏེ་ཀྲུང་གོའི་གྲུ་གཟིངས་བཟོ་བསྐྲུན་ལས་རིགས་མུས་སུ་རྒྱ་མཚོ་རུ་ཁ་ཕྱོགས་ནས་མཐུ་སྟོབས་རྒྱས་ཤིང་། སྦྲག་སྐྱེལ་གྲུ་གཟིངས་ཆེ་གྲས་དང་མཁའ་འགྲུལ་མ་གྲུ། གཤེར་གཟུགས་ཅན་གྱི་རང་བྱུང་སོལ་རླངས་སྐྱེལ་འདྲེན་གྲུ་གཟིངས་ཏེ། བཟོ་སྐྲུན་བཟོ་ལས་གོང་མའི་ཅོད་པན་ཐོག་གི་མུ་ཏིག་གསུམ་འཛོམས་བྱུང་ཡོད།
ལོ་འདིར། ཀྲུང་གོའི་ཚན་རྩལ་སྟོབས་ཤུགས་གྲངས་ཀ་ནས་སྤུས་ཚད་ལ་མཐོར་འདེགས་དང་།ཆ་གནས་ཙམ་ནས་མ་ལག་ནུས་པ་མཐོར་འདེགས་སོང་ཡོད། ༢༠༢༤ལོའི་གོ་ལ་ཡོངས་ཀྱི་གསར་གཏོད་སྟོན་གྲངས་སྙན་ཞུ་ལས་མངོན་པ་ལྟར་ན། རང་རྒྱལ་གོ་ལ་ཡོངས་ཀྱི་གསར་གཏོད་ནུས་པའི་ཨང་རིམ་ན་ནིང་ལས་གཅིག་སྤར་བས་ཨང་བཅུ་གཅིག་པ་ལ་བསླེབས་ཏེ། ལོ་བཅུའི་རིང་གསར་གཏོད་ནུས་པ་མཐོར་འདེགས་ཆེས་མགྱོགས་པའི་དཔལ་འབྱོར་ཚོགས་པ་ཞིག་ཡིན་ལ། ཚན་རྩལ་གསར་གཏོད་ སྟོབས་ལྡན་བརྒྱའི་ཁྱུ་ཚོགས་ཆེས་མང་བའི་རྒྱལ་ཁབ་ཅིག་ཏུ་གྱུར་ཡོད། ཉིན་ཁ་ཤས་སྔོན་འཚོགས་པའི་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཐོག་སང་ལོའི་དཔལ་འབྱོར་ལས་ཀར་བཀོད་སྒྲིག་བྱེད་པའི་ཁྲོད། ཚན་རྩལ་གསར་གཏོད་ལ་བརྟེན་ནས་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ལ་སྣེ་ཁྲིད་བྱེད་དགོས་པ་གསལ་པོ་བཏོན་ནས། དེང་རབས་ཅན་ཐོན་ལས་མ་ལག་འཛུགས་སྐྱོང་བྱེད་པ་རེད། དེའི་ནང་། མི་བཟོས་རིག་ནུས་དང་འབྲེལ་བའི་བྱ་སྤྱོད་དང་། མ་འོངས་ཐོན་ལས་གསོ་སྤེལ། ཚན་རྩལ་ལས་གཞི་གལ་ཆེན་སྔོན་དུ་བཀོད་སྒྲིག་བྱེད་པ་སོགས་དོན་དང་ལྡན་པའི་ངེས་ཚིག་གཙོ་བོར་གྱུར་ཡོད། རྒྱང་སྐྱོད་གསར་པའི་ཐོག ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་གཟི་བརྗིད་ལྡན་པའི་འཆར་འགོད་རི་མོ་ལ་ཉིན་རེ་བཞིན་ངོ་མཚར་ཡ་མཚན་བྱུང་བཞིན་ཡོད་ལ། ཀྲུང་གོ་གསར་གཏོད་ཀྱི་ཕུགས་འདུན་བསྙེགས་པའི་གོམ་སྟབས་བརྟན་པོས་སྤོ་ཞིང་། གསོན་ཤུགས་མངོན་པར་རྒྱས་པའི་གསར་གཏོད་ཀྲུང་གོས་དུས་རབས་གསར་པའི་འཕེལ་འགྲོས་ནང་དཀའ་ངལ་ཁྱད་གསོད་བྱས་ནས་ཚན་རྩལ་སྟོབས་ལྡན་རྒྱལ་ཁབ་ཀྱི་དམིགས་འབེན་ཕྱོགས་སུ་སྐྱོད་བཞིན་ཡོད།
འཕྲིན་སྟེགས། weikangba