འཛད་སྤྱོད་ཚོང་རའི་རྣམ་པ་བརྟན་ཞིང་གསར་པར་གྱུར་ནས་ཀྲུང་གོའི་དཔལ་འབྱོར་གྱི་འཕེལ་ཤུགས་མངོན།

2024-12-23
496

  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛད་སྤྱོད་ཀྱི་ནུས་པ་ཇེ་དྲག་གཏོང་བ་དང་། འཛད་སྤྱོད་ཀྱི་ཆ་རྐྱེན་ལེགས་བཅོས།  འཛད་སྤྱོད་ཀྱི་རྣམ་པ་གསར་གཏོད་བྱས་ནས། འཛད་སྤྱོད་ཀྱི་གཏིང་ཤུགས་སྔོག་འདོན་ཡག་པོ་བྱེད་དགོས་ཞེས་ནན་གསུང་གནང་།  ད་ལོར་འཛད་སྤྱོད་ལ་སྐུལ་བའི་སྲིད་ཇུས་རབ་དང་རིམ་པ་ལག་བསྟར་བྱས་ནས་ཕན་འབྲས་མངོན་ཡོད་ལ།  འཛད་སྤྱོད་ཚོང་ར་སྤྱིའི་ཆ་ནས་འཕར་སྣོན་བྱུང་བའི་གནས་བབ་མངོན་པ་དང་། འཛད་སྤྱོད་ལས་རྣམ་མགྱོགས་མྱུར་དུ་གསར་གཏོད་དང་འཛད་སྤྱོད་སྒྲིག་གཞི་མུ་མཐུད་དུ་རིམ་སྤར། འཛད་སྤྱོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས། འཛད་སྤྱོད་ཚོང་རར་གསོན་ཤུགས་རྒྱས་པ་བཅས་བྱས་ནས། དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་འགྲོ་བར་སྒུལ་ནུས་གསར་པ་སྐྲུན་བཞིན་ཡོད།

  ལོ་མཇུག་ཤར་དུས། རང་རྒྱལ་གྱི་འཛད་སྤྱོད་ཚོང་རར་གསོན་ཤུགས་དྲག་པོ་མངོན་ཡོད་དེ།  ཁྱིམ་སྤྱད་གློག་ཆས་དང་རླངས་འཁོར།  ཁྱིམ་ཆས་སོགས་ཀྱི་ཚོང་བྲིན་པོ་བྱུང་ཞིང་།  འབྲེལ་ཡོད་ཐོན་རྫས་ཀྱི་སིལ་ཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི་གཅིག་བརྒལ་བར་སྣེ་ཁྲིད་ཐུབ་ཡོད།   ལོ་གཅིག་གི་མྱུར་སྐྱེལ་བྱེད་ཚད་ཐེངས་དང་པོར་དུང་ཕྱུར་ཆིག་སྟོང་ལྔ་བརྒྱ་ལས་བརྒལ་ཡོད་ལ།  དྲ་ཐོག་འཛད་སྤྱོད་ཚོང་བྲིན་པོ་ཡོད།   རྒྱལ་ཡོངས་ཀྱི་འཛད་སྤྱོད་ཐོན་རྫས་རིགས་བྱེ་བ་གཅིག་དང་ས་ཡ་ལྔ་འབུམ་གཅིག་ཁྲི་བརྒྱད་དང་སྟོང་ལྔ་ཇེ་མང་ཕྱིན་པ་དང་། བསྡོམས་འབོར་རིགས་དུང་ཕྱུར་གཉིས་ལས་བརྒལ་ཡོད། འཛད་སྤྱོད་མཁོ་འདོན་སྔར་ལས་ཕུན་སུམ་ཚོགས་པས།  མི་དམངས་ཀྱིས་བདེ་སྐྱིད་འཚོ་བའི་ཐད་ཀྱི་དགོས་མཁོ་སྐོང་ཐུབ་ཡོད་པ་རེད། རྒྱལ་ཁབ་ཆ་འཕྲིན་ལྟེ་གནས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། སྔོན་གྱི་ཟླ་བ་བཅུ་གཅིག་གི་རིང་།   འཛད་སྤྱོད་སྟོན་གྲངས་མང་པོ་མགྱོགས་མྱུར་ཡར་འཕར་སྣོན་བྱུང་ཡོད་ལ། ཡུལ་དངོས་ཀྱི་འཛད་སྤྱོད་སྟོན་གྲངས་ཀྱང་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་དྲུག་ཚེག་གཉིས་འཕར་ཡོད། འཚོ་བའི་ཞབས་ཞུའི་འཛད་སྤྱོད་སྟོན་གྲངས་དེ་ན་ནིང་གི་དུས་མཉམ་ལས་བརྒྱ་ཆའི་བཅོ་བརྒྱད་ཚེག་གསུམ་འཕར་ཡོད།  ཞིང་ཆེན་དང་རང་སྐྱོང་ལྗོངས།གྲོང་ཁྱེར་བཅུ་གཉིས་ཀྱི་འཕར་ཚད་བརྒྱ་ཆའི་ཉི་ཤུ་ལས་བརྒལ་ཡོད་པ་རེད།

  འཛད་སྤྱོད་དེ་ཕྱོགས་གཅིག་ནི་སྤྱི་ཁོག་དཔལ་འབྱོར་དང་འབྲེལ་ཞིང་། ཕྱོགས་གཅིག་ཁྱིམ་ཚང་ཀུན་དང་འབྲེལ་བས། དཔལ་འབྱོར་འཕར་སྣོན་གྱི་སྒུལ་ཤུགས་གལ་ཆེན་ཡིན། དགོས་མཁོ་མི་འདང་བ་སོགས་ཀྱི་གནད་དོན་ལ་དམིགས་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དཔལ་འབྱོར་སྲིད་ཇུས་ཀྱི་བརྟེན་ས་གཙོ་བོ་ནི་དམངས་འཚོར་ཕན་པ་དང་འཛད་སྤྱོད་ལ་སྐུལ་འདེད་གཏོང་བར་སྐུལ་སྤེལ་གཏོང་དགོས་ཞེས་ནན་གསུང་ཐེངས་མང་གནང་ཡོད། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ནང་། འཛད་སྤྱོད་རྒྱ་སྐྱེད་པའི་ཡུན་ཕན་ནང་རྐྱེན་འཐུས་ཚང་གཏོང་བ་དང་། ཚོད་འཛིན་ཅན་གྱི་བྱེད་ཐབས་ཇེ་ཉུང་གཏོང་བ། སྤྱི་པའི་འཛད་སྤྱོད་ཇེ་མང་ལུགས་མཐུན་གཏོང་བ་བཅས་བྱས་ནས། ཐོག་གཏོད་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས་ཞེས་བསྟན།

ད་ལོར་རྒྱལ་ནང་ལ་རྟོག་ཞིབ་ཐེངས་མང་བྱེད་རིང་དུ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འཛད་སྤྱོད་རྒྱ་སྐྱེད་ལ་དམིགས་ནས་མཛུབ་སྟོན་གལ་ཆེན་དང་བཀོད་སྒྲིག་རབ་དང་རིམ་པ་གནང་། ཧུའུ་ནན་དུ་ཁོང་གིས་རང་བྱུང་མཛེས་ལྗོངས་དང་མི་ཆོས་རིག་གནས་ནི་ཡུལ་སྐོར་ལས་རིགས་ཀྱི་ཁྱད་ཆོས་གཙོ་བོར་བསྒྱུར་དགོས་ཞེས་གསུངས། ཀན་སུའུ་རུ་ཁོང་གིས་རིག་གནས་དང་ཡུལ་སྐོར་ཟུང་འབྲེལ་ཟབ་མོ་བྱེད་དགོས་ཞེས་གསུངས། ཧུའུ་པེ་རུ་ཁོང་གིས་རིག་གནས་ཡུལ་སྐོར་ཚོང་རྟགས་དང་ལམ་ཐིག་སྤུས་ལེགས་བསྐྲུན་ནས་རིག་གནས་ཡུལ་སྐོར་ལས་རིགས་ནི་ཐོན་ལས་གཙོ་བོ་རུ་གསོ་སྐྱོང་བྱ་དགོས་ཞེས་ནན་གསུང་གནང་། ཚོང་དོན་པུའུ་ཞིབ་འཇུག་གླིང་གི་འགོ་འཛིན་གཞོན་པ་ཀྲང་ཝེ་ཡིས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་ནས་འཛད་སྤྱོད་སྐུལ་འདེད་གཏོང་བར་རྩ་བའི་གཞི་འཛིན་ས་དང་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཡོད། འཛད་སྤྱོད་སྐུལ་འདེད་གཏོང་བ་དང་། དམངས་འཚོར་ཕན་པ་གཉིས་ཟུང་འབྲེལ་ཡག་མོ་བྱས་ནས། མི་དམངས་ཀྱི་འཚོ་བ་སྐྱིད་པོ་གཏོང་བའི་དགོས་མཁོ་སྔ་ལས་མང་པོ་སྐོང་བ་དང་། དགོས་མཁོ་ཡིས་མཁོ་འདོན་ལ་སྣེ་ཁྲིད་པ་དང་། མཁོ་འདོན་གྱིས་དགོས་མཁོ་སྐྲུན་པའི་ཆུ་ཚད་སྔ་ལས་མཐོ་བའི་རྣམ་པ་དོ་སྙོམས་བྱེད་པ་དང་རང་རྒྱལ་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་གཏོང་དགོས་ཞེས་བཤད།

  ད་ལོ་ནས་བཟུང་འཛད་སྤྱོད་ལ་སྐུལ་འདེད་དང་དམངས་འཚོར་ཕན་པའི་སྲིད་ཇུས་བྱེད་ཐབས་མང་པོ་གཏན་ལ་ཕབ་ཅིང་། སྒོར་དུང་ཕྱུར་ཆིག་སྟོང་ལྔ་བརྒྱ་ཡན་མན་གྱི་དུས་ཡུན་རིང་པའི་དམིགས་བསལ་རྒྱལ་བུན་བཏང་ནས་སྤྱོད་རྫས་གསར་རྙིང་བརྗེ་བར་སྐུལ་འདེད་བཏང་། ཞབས་ཞུ་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་སྤུས་མཐོའི་འཕེལ་རྒྱས་ཀྱི་སྲིད་ཇུས་ཨང་དང་པོ་གཏན་ལ་ཕབ་ནས་ཞབས་ཞུ་འཛད་སྤྱོད་ཁྱོན་ཡོངས་ནས་རིམ་སྤར་གཏོང་ཡོད། གངས་འཁྱགས་དཔལ་འབྱོར་ཀྱི་གསོན་ཤུགས་བསླངས་ནས་འཛད་སྤྱོད་འཕར་གནས་གསར་པ་གསོ་སྐྱོང་བྱེད་ཅིང་། རྒན་གསོ་བྱིས་བཅོལ་དང་། ཁྱིམ་སྲིད་ཞབས་ཞུའི་སྤུས་ཀ་ཇེ་ལེགས་དང་རྒྱ་བསྐྱེད་དེ། མི་དམངས་མང་ཚོགས་ཀྱི་སྣ་མང་དང་སྤུས་ཚད་མཐོ་བའི་འཛད་སྤྱོད་དགོས་མཁོ་སྐོང་ཡོད།

  སྲིད་ཇུས་མཉམ་འབྲེལ་བྱས་ནས་སྐུལ་འདེད་གཏོང་བ་དང་འཛད་སྤྱོད་ཚོང་རའི་ནང་དུ་འཕེལ་ཕྱོགས་ཡག་མོ་མངོན་བཞིན་ཡོད། ལྗོངས་རྣམ་གསར་པ་དང་ལས་རྣམ་གསར་པ་བྱེད་ཐབས་གསར་པའང་རྒྱུན་ཆགས་བཞིན་ཡོད། པེ་ཅིན་གྱི་དཀྱིལ་ཐིག་ཏུ་བསྐལ་བ་བརྒྱུད་པའི་འགྲུལ་བཞུར་ཐེངས་ཞིག་་ཞུགས་ཆོག་ལ། ཧྲེང་ཀྲེང་གི་ལུས་རྩལ་སྤྱི་གླིང་ཆེན་པོ་ཁག་ཏུ། རིག་ནུས་རྒྱུག་ལམ་དང་རིག་ནུས་ལུས་སྦྱོང་ཁང་ལ་མྱོང་ཚོར་བྱེད་ཆོག་པ། ཧྲང་ཧའེ་རུ་གསར་དུ་སྒོ་ཕྱེ་པའི་རྒྱུན་མཐུད་ཚོང་ལས་ཕྱོགས་བསྡུས་ཁང་དུ།ལྗང་མདོག་འཛད་སྤྱོད་དང་། བདེ་ཐང་འཛད་སྤྱོད། རིག་ནུས་འཛད་སྤྱོད་བཅས་ལ་དགའ་བསུ་ཆེན་པོ་ཐོབ་་བཞིན་ཡོད་པ་རེད།

  ད་ལོ་ནས་བཟུང་། ཐད་གཏོང་གློག་རྡུལ་ཚོང་དོན་དང་། དུས་ཐོག་སིལ་ཚོང་སོགས་འཛད་སྤྱོད་བྱེད་སྟངས་གསར་པར་འཕེལ་རྒྱས་མགྱོགས་པོར་བྱུང་བ་རེད། ཟླ་བ་དང་པོ་ནས་ཟླ་བ་བཅུ་གཅིག་པའི་བར། རང་རྒྱལ་དྲ་ཐོག་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་འབུམ་གཅིག་ཁྲི་བཞིར་ཟིན་པས། སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་བདུན་ཚེག་བཞི་འཕར། རྒྱལ་སྤྱིའི་འཛད་སྤྱོད་ལྟེ་གནས་གྲོང་ཁྱེར་ལྔའི་ཐོག་གཏོད་ཚོང་ཁང་གི་ཚོང་འགུགས་གྲངས་ཀ་རྒྱུན་ཆད་མེད་པར་ཇེ་མང་སོང་ནས། ཐོག་གཏོད་དཔལ་འབྱོར་ལ་གསོན་ཤུགས་རབ་ཏུ་རྒྱས་པ་རེད།  འཛད་སྤྱོད་སྒྲིག་གཞི་རྒྱུན་མཐུད་རིམ་སྤར་བྱུང་ཞིང་།  འགྲོ་འདུག་དང་རིག་གནས་ཡུལ་སྐོར་སོགས་ཞབས་ཞུ་འཛད་སྤྱོད་ལ་གསོན་ཤུགས་རྒྱས་ནས། བཟའ་བཏུང་དང་མགྲོན་ཁང་། རིག་གནས་གསར་གཏོད་སོགས་ལས་རིགས་མང་པོ་འཕེལ་རྒྱས་ལ་སྐུལ་ཁྲིད་བྱེད་ཀྱིན་ཡོད། དུས་ཚིགས་སྔ་མ་གསུམ་ནང་སྡོད་དམངས་ཞབས་ཞུ་རང་བཞིན་གྱི་འཛད་སྤྱོད་འགྲོ་སོང་བསྡུར་ཚད་བརྒྱ་ཆའི་ཞེ་བདུན་ལ་ཟིན་པས། སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་གྲངས་གནས་གཅིག་འཕར་ཡོད། ཟླ་བ་དང་པོ་ནས་ཟླ་བ་བཅུ་གཅིག་པའི་བར། ཞབས་ཞུ་སིལ་ཚོང་བསྡོམས་འབོར་སྔ་ལོའི་དུས་མཉམ་ལས་བརྒྱ་ཆའི་དྲུག་ཚེག་བཞི་འཕར་ལ། འཕར་ཚད་དུས་མཉམ་ཚོང་རྫས་སིལ་འཚོང་བསྡོམས་འབོར་ལས་བརྒྱ་ཆའི་གྲངས་གནས་གསུམ་ཚེག་གཉིས་ལས་མཐོ་བ་རེད། ཚོང་རྫས་འཛད་སྤྱོད་ནས་ཞབས་ཞུ་འཛད་སྤྱོད་ལ་རིམ་སྤར་བྱེད་པའི་གོམ་སྟབས་ཇེ་མགྱོགས་ཕྱིན་པ་རེད།

  འཛད་སྤྱོད་ཁོར་ཡུག་རྒྱུན་ཆད་མེད་པར་ལེགས་བཅོས་བྱུང་ཞིང་། རྐང་ཐང་སྐར་མ་བཅོ་ལྔའི་ནང་ཁུལ་གྱི་མཐའ་འཁོར་དུ། མྱུར་སྐྱེལ་དང་གོས་འཁྲུད། ལུས་སྦྱོང་སྤྲོ་གསེང་སོགས་སྒྲིག་ཆས་ཆ་ཚང་སྒྲིག་པ་རེད། མིག་སྔར། རང་རྒྱལ་གྱིས་སྐར་མ་བཅོ་ལྔའི་སྟབས་བདེ་འཚོ་བའི་ཁོར་ཡུག་བཞི་སྟོང་སུམ་བརྒྱ་སོ་ལྔ་བཙུགས་ནས། འདུས་ཁུལ་སྡོད་དམངས་དུང་ཕྱུར་གཅིག་དང་ས་ཡ་བདུན་ལྷག་ལ་ཞབས་ཞུ་སྒྲུབ་ཀྱིན་ཡོད་པ་རེད། ཞིང་ལས་ཐོན་རྫས་གྲོང་ཚོ་ནས་གྲོང་ཁྱེར་ལ་འདྲེན་པ་དང་། འཛད་སྤྱོད་ཐོན་རྫས་གྲོང་གསེབ་དང་གྲོང་ཚོར་སྐྱེལ་བའི་བགྲོད་ལམ་སྔར་ལས་སྟབས་བདེ་གྱུར་ཡོད་ལ། མིག་སྔའི་བར། རང་རྒྱལ་གྱིས་རྫོང་རིམ་པའི་གློག་རྡུལ་ཚོང་དོན་སྤྱི་པའི་ཞབས་ཞུ་ལྟེ་གནས་དང་ཟོང་འདྲེན་མྱུར་སྐྱེལ་ལྟེ་གནས་སུམ་སྟོང་ཙམ་བཙུགས་ནས། ཉིན་མ་རེར་དངོས་རྫས་དུང་ཕྱུར་གཅིག་ལས་བརྒལ་བ་ཞིང་སྡེ་ནས་བུད་པ་དང་། གྲོང་ཁྱེར་དང་གྲོང་གསེབ་དཔལ་འབྱོར་འཁོར་སྐྱོད་སྔར་ལས་ཐོགས་མེད་འགྲོ་བཞིན་ཡོད།  ད་ལོའི་ཟླ་བ་དང་པོ་ནས་ཟླ་བ་བཅུ་གཅིག་པའི་བར། རང་རྒྱལ་གྱི་སྤྱི་ཚོགས་འཛད་སྤྱོད་དངོས་རྫས་སིལ་ཚོང་བསྡོམས་འབོར་སྒོར་དུང་ཕྱུར་བཞི་འབུམ་ལྔ་ཁྲི་ཙམ་ལ་ཟིན་པས། འཛད་སྤྱོད་སྔར་བཞིན་དཔལ་འབྱོར་གོང་འཕེལ་གྱི་སྒུལ་ཤུགས་གཙོ་བོ་ཡིན། ཉེ་སྔོན་འཚོགས་པའི་ཀྲུང་དབྱང་དཔལ་འབྱོར་ལས་ཀའི་གྲོས་ཚོགས་ཀྱིས་འཛད་སྤྱོད་ཇེ་མང་ཐད་ཤུགས་འདོན་པ་དང་མ་འཇོག་ཕན་ནུས་མཐོར་འདེགས་པ། ཁྱོན་ཡོངས་ནས་རྒྱལ་ནང་གི་དགོས་མཁོ་རྒྱ་བསྐྱེད་པ་དེ་སང་ལོའི་ལས་འགན་གཙོ་བོ་དགུ་ཡི་ཨང་དང་པོར་བཞག་ཡོད། འཛད་སྤྱོད་ཇེ་མང་གཏོང་བར་གཞིགས་ནས། གྲོས་ཚོགས་ཐོག་བཀོད་སྒྲིག་རབ་དང་རིམ་པ་བྱས་ཡོད། འཛད་སྤྱོད་ཇེ་མང་གཏོང་བའི་ཆེད་དོན་བྱ་སྤྱོད་ལག་བསྟར་དང་། གསར་གཉིས་སྲིད་ཇུས་ཀྱི་ཁྱབ་ཁོངས་ལག་བསྟར་ཐད་ཤུགས་འདོན་པ། སྣ་མང་ཅན་གྱི་འཛད་སྤྱོད་བྱེད་ས་གསར་གཏོད། ཞབས་ཞུའི་འཛད་སྤྱོད་རྒྱ་བསྐྱེད་པ་བཅས་བྱས་ནས་རིག་གནས་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གཏོང་ཡོད། ཐོག་གཏོད་དཔལ་འབྱོར་དང་གངས་འཁྱགས་དཔལ་འབྱོར། རྒན་རྒོན་ཞབས་ཞུའི་དཔལ་འབྱོར་བཅས་འཕེལ་རྒྱས་ཡག་པོ་གཏོང་བཞིན་ཡོད་ལ།འཕེལ་འགྲོས་ཇེ་བརྟན་དང་འཕེལ་ཚད་གསར་པར་ཕྱོགས་པ། དཔལ་འབྱོར་དར་བའི་འཛད་སྤྱོད་ཚོང་རས་ཀྲུང་གོའི་དཔལ་འབྱོར་སྤུས་མཐོའི་འཕེལ་རྒྱས་ཡོང་བར་ཟད་མཐའ་མེད་པའི་སྒུལ་ཤུགས་བསྐྲུན་རྒྱུ་རེད།


  • 顶