ཞི་ཅིན་ཕིང་གིས་ཧོ་དབྱི་ཁྲེན་ལ་ཐུག་འཕྲད་གནང་བ།

2024-12-20
385

ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེན་ལ་ཐུག་འཕྲད་གནང་བ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས18ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨའོ་མོན་དུ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེན་ལ་ཐུག་འཕྲད་གནང་བ་རེད།

ཞི་ཅིན་ཕིང་གིས་ཧོ་དབྱི་ཁྲེན་ལ་ཁྱེད་ཀྱིས་སྲིད་འཛིན་དཔོན་གྱི་འགན་བཞེས་པའི་ལོ་ངོ5ཡི་རིང་། དཀའ་བར་མི་འཛེམ་པར་མདུན་དུ་བསྐྱོད་པ་དང་དམ་པ་དོན་གཉེར་བྱས་པ་དེ་ནི་ལས་སླ་པོ་ཞིག་མིན་ལ་གྲུབ་འབྲས་ཀྱང་ཆེན་པོ་ཐོབ་ཡོད། སྐུ་ཉིད་ཀྱིས་སྐབས་འདིའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གི་སྣེ་ཁྲིད་དེ་ཨའོ་མོན་གྱི་སྤྱི་ཚོགས་ལས་རིགས་ཁག་དང་མཐུན་སྒྲིལ་གནང་སྟེ། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ཁྱོན་ཡོངས་དང་ཡང་དག་པ། བློ་བརྟན་འགྱུར་མེད་བཅས་ཀྱི་སྒོ་ནས་ལག་ལེན་མཐར་ཕྱིན་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས། པྲོག་གསར་རིམས་ནད་ཀྱི་རྡེག་ཤུགས་དང་འགྲན་སློང་ལས་རྣམ་པར་རྒྱལ་ཞིང་། དཔལ་འབྱོར་སྣེ་མང་གོང་སྤེལ་འོས་འཚམ་ཡོང་བར་སྐུལ་འདེད་ཧུར་ཐག་བྱས་པས། བྱ་གཞག་ཁག་ལ་འཕེལ་རྒྱས་གསར་པ་བྱུང་བ་དང་། དར་རྒྱས་བརྟན་ལྷིང་གི་རྣམ་པ་བཟང་པོ་སྲ་བརྟན་དང་འཕེལ་རྒྱས་བྱུང་བ་རེད། ཀྲུང་དབྱང་གིས་ཁྱེད་དང་སྐབས་འདིའི་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གི་ལས་དོན་ལ་ཁས་ལེན་གང་ལེགས་བྱེད་ཀྱིན་ཡོད་པར་བསྟན།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཀྱིས་སྐབས་གསར་པའི་སྲིད་འཛིན་དཔོན་དང་དེ་བཞིན་དོ་དམ་བཅོས་སྐྱོང་ཚོགས་པས་ཁྲིམས་ལྟར་སྲིད་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་ཧུར་ཐག་བྱས་ནས། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱ་གཞག་དང་། ཨའོ་མོན་དང་རྒྱལ་ཁབ་འཕེལ་རྒྱས་ཆེད་སྟོབས་ཤུགས་མུ་མཐུད་དུ་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

ཧོ་དབྱི་ཁྲེན་གྱིས་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་དང་ཨའོ་མོན་གྱི་གྲོང་མིའི་ཚབ་ཞུས་ནས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕིང་ལི་ཡོན་ཨའོ་མོན་དུ་ཕེབས་ནས་ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྐབས་དྲུག་པའི་སྲིད་གཞུང་གི་འགན་བཞེས་མཛད་སྒོར་ཞུགས་པ་དང་འབྲེལ་ཨའོ་མོན་དུ་གཟིགས་ཞིབ་གནང་བར་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས།  ཁོང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཀྲུང་དབྱང་སྲིད་གཞུང་གིས་ཡིད་ཆེས་དང་རྒྱབ་སྐྱོར་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཀྲུང་དབྱང་གི་རྒྱབ་སྐྱོར་ཤུགས་ཆེན་འོག ལོ་ལྔའི་རིང་ལ་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་སྲིད་གཞུང་གིས་སྤྱི་ཚོགས་ལས་རིགས་ཁག་ལ་མཐུན་སྒྲིལ་དང་སྣེ་ཁྲིད་བྱས་ཏེ། ཞུམ་མེད་སྟོབས་ལྡན་ངང་ལོ་གསུམ་རིང་གི་པྲོག་གསར་རིམས་ནད་ཀྱི་རྡེག་ཤུགས་ལ་ཁ་གཏད་བཅག་པ་དང་། དམིགས་བསལ་སྲིད་འཛིན་ཁུལ་གྱི་འཛུགས་སྐྲུན་བྱ་གཞག་ཁག་ཕྱོགས་ཡོངས་ནས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་བཏང་ཡོད། ཁོང་གིས་སྐབས་གསར་པའི་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་གཞུང་གིས་ཁྲིམས་ལྟར་སྲིད་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་བྱས་ནས། ཨའོ་མོན་དང་རྒྱལ་ཁབ་ཀྱི་འཕེལ་རྒྱས་དང་འཛུགས་སྐྲུན་ལ་རང་ཉིད་ཀྱི་སྟོབས་ཤུགས་མུ་མཐུད་དུ་ལེགས་སྐྱེས་སུ་འབུལ་རྒྱུ་རེད། 

ཚའེ་ཆི་དང་ཞ་པའོ་ལུང་སོགས་ཐུག་འཕྲད་ལ་ཞུགས། །


  • 顶