ཀྲུང་གོས་རྒོལ་ལན་བསློག་རྒྱུ་ཡིན་ཟེར།

2024-12-12
442

ཟླ་12ཚེས་10ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པ་མའོ་ཉིང་གིས་རྒྱུན་ལྡན་གྱི་གསར་འགོད་པའི་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། གསར་འགོད་པ་ཞིག་གིས། ཉེ་ཆར་ཨ་རི་ཕྱོགས་ཀྱིས་ཞང་ཀང་གི་རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་ལག་བསྟར་བྱེད་མཁན་ཞང་ཀང་གི་དཔོན་རིགས་ལ་འཐུས་མཆན་འགོད་པའི་ལག་ཁྱེར་ཐད་ཚོད་འཛིན་གསར་པ་བྱ་རྒྱུ་ཡིན་ཞེས་བཤད་པར་དམིགས་ནས། ཕྱི་འབྲེལ་པུའི་མགྲིན་ཚབ་པས་དེ་སྔོན་རྒོལ་ལན་མཐའ་གཅིག་ཏུ་བསློག་རྒྱུ་ཡིན་ཟེར། ཀྲུང་གོ་ཕྱོགས་ཀྱིས་བྱེ་བྲག་གི་ངོ་རྒོལ་བྱེད་ཐབས་ངོ་སྤྲོད་བྱེད་ཆོག་གམ་ཞེས་དྲིས།

མའོ་ཉིང་གིས། ང་ཚོས་ཨ་རི་ཕྱོགས་ཀྱི་འབྲེལ་ཡོད་འཕེལ་ཕྱོགས་ལ་ལངས་ཕྱོགས་ནན་མོ་གསལ་བཤད་བྱས་ཡོད། ཨ་རིས་ཞང་ཀང་དང་འབྲེལ་བ་ཡོད་པའི་གནད་དོན་ལ་ཁ་གཡར་ནས་ཀྲུང་གོའི་དཔོན་རིགས་ལ་འཐུས་མཆན་འགོད་པའི་ཚོད་འཛིན་གང་བྱུང་དུ་བྱས་པ་དང་། ཀྲུང་གོའི་ནང་སྲིད་ལ་རྩུབ་སྤྱོད་ཀྱིས་ཐེ་གཏོགས་བྱས་པ། རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་རྩ་དོན་དང་རྒྱལ་སྤྱིའི་འབྲེལ་བའི་གཞི་རྩའི་ཚད་གཞི་དང་ཚབས་ཆེན་འགལ་བ་རེད། 《ཕྱི་ཕྱོགས་དང་འབྲེལ་བ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》དང་《ཕྱི་རྒྱལ་ལ་ངོ་རྒོལ་བྱེད་ཕྱོགས་སྐོར་གྱི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་བཅའ་ཁྲིམས》ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་ནས། ཀྲུང་གོ་ཕྱོགས་ཀྱིས་ཞང་ཀང་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་མཚོན་ཚུལ་ངན་པ་ཡིན་པའི་ཨ་རི་ཕྱོགས་ཀྱི་མི་སྣར་འཐུས་མཆན་འགོད་པའི་ཚོད་འཛིན་བྱ་རྒྱུའི་ཐག་བཅད་པ་ཡིན་ཞེས་བཤད།

མའོ་ཉིང་གིས་ནན་བཤད་གནང་དོན། ཞང་ཀང་ནི་ཀྲུང་གོའི་ཞང་ཀང་ཡིན་པ་དང་། ཞང་ཀང་གི་ལས་དོན་ནི་ཀྲུང་གོའི་ནང་སྲིད་ཁོ་ན་ཡིན། ང་ཚོས་ཨ་རི་ཕྱོགས་ལ་ཀྲུང་གོའི་བདག་དབང་ལ་བརྩི་འཇོག་ཏན་ཏིག་དང་། ཞང་ཀང་གི་ཁྲིམས་སྐྱོང་ལ་བརྩི་འཇོག་བྱེད་པ་དང་། བྱེད་ཐབས་གང་རུང་ལ་བརྟེན་ནས་ཞང་ཀང་གི་ལས་དོན་ལ་ཐེ་གཏོགས་བྱེད་མཚམས་འཇོག་དགོས་པའི་སྐུལ་མ་གཏོང་རྒྱུ་ཡིན། ཀྲུང་གོའི་ཕྱོགས་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་པའི་ཆོད་སེམས་བརྟན་པོ་ཡིན་པ་དང་། “རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་ལེན་མཐར་ཕྱིན་བསྟར་བའི་ཆོད་སེམས་བརྟན་པོ་ཡིན་ལ། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་གང་རུང་ཞིག་གིས་ཞང་ཀང་གི་ལས་དོན་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་པའི་ཆོད་སེམས་བརྟན་པོ་ཡིན།

  • 顶