ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན། གསར་འགོད་པས་སློབ་གསོ་པུའུ་ནས་ཤེས་གསལ་ལྟར་ན། ཉེ་ཆར་སློབ་གསོ་པུའུ་སོགས་སྡེ་ཚན་བདུན་གྱིས《དགེ་རྒན་ལ་བརྩི་བཀུར་དང་དགེ་རྒན་ལ་གཟིགས་སྐྱོང་བྱེད་པའི་ལས་དོན་ལ་སྔར་བས་ཤུགས་སྣོན་རྒྱག་པའི་བྱ་ཐབས་འགའ་ཞིག》མཉམ་དུ་པར་འགྲེམས་བྱས་ནས། དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ། དགེ་རྒན་གྱི་ཆབ་སྲིད་ཀྱི་གནས་བབ་དང་སྤྱི་ཚོགས་ཀྱི་གོ་གནས། ལས་རིགས་ཀྱི་གནས་བབ་བཅས་མཐོ་རུ་གཏོང་རྒྱུ་རེད།
ཡིག་ཆའི་ནང་སྨན་བཅོས་བདེ་ཐང་དང་རིག་གནས་མཐོར་འདེགས། འཚོ་བའི་ཞབས་ཞུ། སྡོད་ཁང་འགན་ལེན་བཅས་དང་དེ་བཞིན་ཕྱོགས་གཞན་དག་ཐད་ནས་དགེན་བཀུར་དགེན་ཕན་གྱི་བྱ་ཐབས་ཁ་གསལ་བཏོན་ཡོད། སྨན་བཅོས་བདེ་ཐང་ཐད། ས་གནས་ཁག་གི་སློབ་གསོ་སྡེ་ཚན་གྱིས་ལོ་ལྟར་དགེ་རྒན་སྒྲིག་འཛུགས་བྱས་ནས་རིན་མེད་ངང་གཟུགས་པོར་བརྟག་དཔྱད་ཐེངས་རེ་བྱེད་པ་དང་། དུས་བཀག་ལྟར་སེམས་ཁམས་བདེ་ཐང་འཆད་ཁྲིད་དང་སེམས་ཁམས་ཟུར་ཁྲིད་སོགས་ཀྱི་ཞབས་ཞུ་སྤེལ་བ། དགེ་རྒན་གྱི་བདེ་ཐང་ཡིག་ཚགས་བཟོ་བ་བཅས་བྱས་ནས། ས་གནས་ཁག་གིས་ས་གནས་དེ་གའི་དགེ་རྒན་ལ་སྨན་བཅོས་ཐད་སྟབས་བདེ་བསྐྲུན་པའི་སྐུལ་ལྕག་གཏོང་དགོས། རིག་གནས་མཐོར་གཏོང་ཐད། ས་གནས་ཁག་གི་རྟེན་རྫས་བཤམས་མཛོད་ཁང་དང་དྲན་གསོ་ཁང་། མཛེས་རྩལ་ཁང་། ཚན་རྩལ་ཁང་། ལོ་ཆུང་ཕོ་བྲང་སོགས་སྤྱི་པའི་རིག་གནས་སྒྲིག་བཀོད་དང་ཡུལ་སྐོར་ལྟ་སྐོར་ས་ཚིགས་ཀྱིས་དགེ་རྒན་ལ་སྤ་སེ་ཆག་ཡང་དང་རྩ་ཆག་གཏོང་བ་སོགས་ཀྱི་གཟིགས་སྐྱོང་བྱ་ཐབས་སྤྱོད་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱ་རྒྱུ་རེད། འཚོ་བའི་ཞབས་ཞུའི་ཐད། འབྲེལ་ཡོད་ཁེ་ལས་ཀྱིས་དགེ་རྒན་ལ་ཆེད་གཏོགས་གཟིགས་སྐྱོང་བྱེད་སྒོ་སྤེལ་བར་སྐུལ་ལྕག་བྱ་རྒྱུ་དང་། འབྲེལ་ཡོད་གཞུང་ཁོངས་ཚོང་ལས་དངུལ་ཁང་གིས་དགེ་རྒན་ལ་ཁྱད་ཆོས་ལྡན་པའི་དངུལ་རྩའི་ཞབས་འདེགས་ཞུ་རྒྱུར་སྐུལ་ལྕག་བྱ་རྒྱུ་དང་། ཆ་རྐྱེན་ཡོད་པའི་ས་གནས་ཀྱིས་དགེ་རྒན་ལ་སྤྱི་སྤྱོད་རླངས་འཁོར་དང་ས་འོག་ལྕགས་ལམ་སོགས་སྤྱི་པའི་འགྲིམ་འགྲུལ་ཡོ་བྱད་ནང་སྡོད་སྐབས་ཆག་ཡང་དང་རྩ་ཆག་གཏོང་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་རེད། སྡོད་ཁང་འགན་ལེན་ཐད། ཆ་རྐྱེན་དང་མཐུན་པའི་དགེ་རྒན་གྲོང་ཁྱེར་དང་གྲོང་རྡལ་གྱི་སྡོད་ཁང་འགན་ལེན་ཁྱབ་ཁོངས་ནང་བཅུག་ནས། དགེ་རྒན་གྱི་སྡོད་ཁང་གི་དཀའ་ངལ་ཐག་གཅོད་བྱ་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད། གཞན་ཡང་སྤྱི་ཚོགས་སྟོབས་ཤུགས་ཀྱིས་བཅའ་ཁྲིམས་དང་སྒྲིག་སྲོལ་ལྟར་ཞལ་འདེབས་རྒྱག་པ་དང་དང་བླངས་ཞབས་ཞུ་སོགས་ཀྱི་བྱ་ཐབས་སྣ་ཚོགས་བརྒྱུད་དགེ་རྒན་ལ་དགེན་བཀུར་དགེན་ཕན་གྱི་ཞབས་འདེགས་ཞུ་རྒྱུའི་སྐུལ་ལྕག་བྱ་རྒྱུ་རེད།
ད་ལོ་ནས་བཟུང་། སློབ་གསོ་པུའུ་ཡིས་དགེ་རྒན་གྱི་ཐོབ་ཐང་འགན་ལེན་ལས་དོན་སྤེལ་ཤུགས་མུ་མཐུད་དུ་ཆེ་རུ་བཏང་ནས། རྗེས་མར་དགེན་བཀུར་དགེན་ཕན་གྱི་སྲིད་ཇུས་དོན་འཁྱོལ་བྱ་ཚུལ་ལ་མུ་མཐུད་དུ་དམ་འཛིན་ཡག་པོ་བྱས་ཏེ། སྤྱི་ཚོགས་ཡོངས་སུ་དགེ་རྒན་ལ་བརྩི་བཀུར་དང་སློབ་གསོར་མཐོང་ཆེན་བྱེད་པའི་དར་སྲོལ་བཟང་པོ་སྔར་བས་གཏོད་རྒྱུ་རེད།
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba