
ཟླ12པའི་ཚེས10ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་ཡོ་ནན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་ཕེ་ཆིང་ཧྲན་ལ་ཐུག་འཕྲད་གནང་བ།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས10ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་གྱིས་པེ་ཅིན་དུ་ཡོ་ནན་གྱི་ཙུང་ལི་གཞོན་པ་དང་ཕྱི་འབྲེལ་པུའུ་ཀྲང་ཕེ་ཆིང་ཧྲན་ལ་ཐུག་འཕྲད་གནང་བ་རེད།
ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཡོ་ནན་ནི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་ལམ་གྲོགས་དང་བཅོས་སྒྱུར་ལམ་བུའི་ཐོག་གི་རོགས་ཟླ་ཡག་པོ་ཡིན་ཞིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་སྤྱི་ཁྱབ་ཧྲུའུ་ཅི་སུའུ་ལིན་རྣམ་གཉིས་ཀྱིས་ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་སྐུལ་འདེད་གཏོང་རྒྱུའི་ཐད་འཐབ་ཇུས་ཀྱི་ཇུས་འགོད་གནང་ནས། ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་འཕེལ་རྒྱས་འགྲོ་བར་ཁ་ཕྱོགས་གསལ་སྟོན་གནང་ཡོད། ཕྱི་ལོ་ནི་རྒྱལ་ཁབ་གཉིས་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་ནས་ལོ་འཁོར75ལོན་པ་དང་། ཀྲུང་གོ་དང་ཡོ་ནན་གྱི་མི་ཆོས་བརྗེ་རེས་ལོ་ཡིན་པས། ཕྱོགས་གཉིས་ཀྱིས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དེ་གཞི་འཛིན་སར་བྱས་ནས། འཐབ་ཇུས་ཀྱི་འབྲེལ་བ་རྒྱུན་འཁྱོངས་དང་དངོས་སྒྲུབ་མཉམ་ལས་རྒྱ་བསྐྱེད། དམངས་འདོད་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཀྲུང་གོ་དང་ཡོ་ནན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་གཏིང་ཟབ་དང་ཏན་ཏིག་གི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་ནས། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་དེ་བས་བདེ་སྐྱིད་མང་པོ་བསྐྲུན་དགོས།
ཕེ་ཆིང་ཧྲན་གྱིས་བསྟན་དོན། ཀྲུང་གོ་དང་ཡུན་རིང་གི་མཛའ་གྲོགས་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུ་ནི་ཡོ་ནན་ཕྱི་འབྲེལ་གྱི་ཐོག་མཐའ་བར་གསུམ་གྱི་འདོད་ཚུལ་དང་། ཕྱི་རོལ་ཡུལ་གྱི་བླང་བྱ། འཐབ་ཇུས་ཀྱི་གདམ་ག དམིགས་བསལ་དོན་ཆེན་བཅས་ཡིན། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་ནས། ཀྲུང་གོ་ཕྱོགས་དང་མཐོ་རིམ་འགྲོ་འོང་ལ་ཤུགས་སྣོན་རྒྱག་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་སྲ་བརྟན་དུ་གཏོང་བ། དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཡོ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba