ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། “བསླབ་ཚན་གསུམ་ལ་ཡག་པོར་སྦྱངས་ནས་བཅོས་བསྒྱུར་གྱི་གདོང་ལེན་པ་བྱེད་དགོས”ཞེས་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ན་གཞོན་ལས་བྱེད་པའི་སློབ་གསོར་སྣེ་ཁྲིད་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞིའི་མགོ་རྩོམ་ཚོགས་འདུ་ཟླ12པའི་ཚེས10ཉིན་པེ་ཅིན་དུ་འཚོགས་པ་རེད། ཚོགས་འདུའི་ཐོག་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱས་ནས་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་སྤུས་ཚད་མཐོན་པོའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། རྒྱ་ཆེའི་ན་གཞོན་ལས་བྱེད་པས་བཅོས་སྒྱུར་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་འགན་འཁྲི་འཁུར་ཕོད་པ་བྱས་ནས་གཞོན་ནུ་དཔུང་སྡེའི་རུ་སྣེ་ཡག་པོ་ཞིག་བྱ་རྒྱུའི་སྐུལ་སློང་དང་སྐུལ་ལྕག་བྱས་པ་རེད།

འདི་ནི་པེ་ཅིན་ནས་པར་བླངས་པའི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ན་གཞོན་ལས་བྱེད་པའི་སློབ་གསོར་སྣེ་ཁྲིད་བྱེད་པའི་ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་མགོ་རྩོམ་ཚོགས་འདུའི་ཡུལ་དངོས་རེད།
ཚོགས་འདུའི་ཐོག་བསྟན་དོན། ན་གཞོན་ལས་བྱེད་པ་ནི་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བྱ་གཞག་འཕེལ་རྒྱས་གཏོང་བའི་རྐང་འཛིན་སྟོབས་ཤུགས་གལ་ཆེན་ཞིག་ཡིན་པས། ངེས་པར་དུ་སྟོབས་ཤུགས་གསར་པ་དང་གདོང་ལེན་རུ་ཁག་གི་ནུས་པ་སྔར་བས་འདོན་སྤེལ་ཡག་པོ་བྱེད་པ་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་། ཏང་གཤིས་སྦྱོང་བརྡར། གཞི་རིམ་ལག་ལེན་བཅས་བསླབ་ཚན་གསུམ་པོ་དེ་ཡག་པོར་སྦྱོང་བ་དང་། གཞོན་ནུའི་སློབ་སྦྱོང་གི་དཔེ་མཚོན་དང་སྒྱུར་བཅོས་འགག་སྒྲོལ་འཇོན་ཐང་ཅན། གཞི་རིམ་ལ་ལེགས་སྐྱེས་འབུལ་བའི་སྔོན་ཐོན་པ་བཅས་བརྩོན་ལེན་བྱས་ཏེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཀུན་ནས་འཛུགས་སྐྲུན་བྱེད་པའི་རྒྱང་སྐྱོད་ལམ་བུ་གསར་པའི་ཁྲོད། དཔའ་ངར་ཆེན་པོས་སྔོན་ལ་བསྐྱོད་པ་དང་བྱས་རྗེས་འཇོག་དགོས། ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞིས་བསླབ་ཚན་གསུམ་ཡག་པོར་སྦྱོར་བར་དམིགས་པ་དང་སྒྱུར་བཅོས་ཀྱི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། འབྱུང་འགྱུར་ལོ་གསུམ་ནང་ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ན་གཞོན་ལས་བྱེད་པའི་སློབ་གསོའི་སྣེ་ཁྲིད་ལས་དོན་ལ་ཤུགས་སྣོན་རྒྱག་རྒྱུའི་ཐད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་ཤིང་། དེ་ནི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་དྲིལ་བསྒྲགས་ཡིག་ཆ་དང་སྐུལ་སློང་བཀའ་རྒྱ་ཞིག་དང་། བསླབ་ཚན་གསུམ་ཡག་པོར་སྦྱོང་བ་དང་སྒྱུར་བཅོས་གདོང་ལེན་བྱེད་པའི་ལས་འགན་ཡི་གེ་དང་ལས་སྒྲུབ་དཔེ་རིས་ཤིག ན་གཞོན་ལས་བྱེད་པའི་སློབ་གསོར་སྣེ་ཁྲིད་ལས་དོན་གཏིང་ཟབ་ཏུ་གཏོང་བའི་འགན་འཁྲིའི་ཡི་གེ་དང་དམག་བཀའ་ཞིག་ཡིན།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཚན་ཁག་གིས་ཏང་འཛུགས་སྐྱོང་གིས་སྡེ་ཚོགས་འཛུགས་སྐྱོང་ལ་སྣེ་ཁྲིད་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་ལག་བསྟར་དོན་འཁྱོལ་བྱ་རྒྱུ་དེ་སྤུས་ཚད་མཐོ་བའི་ལས་ཁུངས་ཀྱི་ཏང་འཛུགས་སྐྱོང་གྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་། སྡེ་ཚོགས་རྩ་འཛུགས། བཟོ་ཚོགས། བུད་མེད་རྩ་འཛུགས་སོགས་ཚོགས་པའི་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལོ་གསུམ་གྱི་འགུལ་སྐྱོད་འཆར་གཞི་དོན་འཁྱོལ་བྱས་ནས་ཕན་འབྲས་ཐོན་པར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས།
མགོ་རྩོམ་ཚོགས་འདུའི་ཐོག ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་ཕུལ་དུ་བྱུང་བའི་ན་གཞོན་ལས་བྱེད་པ་མི་སྒེར་དང་ཐུན་མོང་གི་འཐུས་ཚབ་ཀྱིས་བརྗེ་རེས་གཏམ་བཤད་གནང་བ་དང་། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་། གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་ཧྲུའུ་ཅི། ཆེད་མཁས་པ་དང་མཁས་དབང་གི་འཐུས་ཚབ་བཅས་ཀྱིས་བཞུགས་མོལ་དང་བཅར་འདྲི་གླེང་མོལ་གནང་བ་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་སྡེ་ཚན་ཁག་གི་ལས་ཁུངས་ཏང་ཨུའི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་། ལས་ཁུངས་ཀྱི་གུང་གཞོན་ཚོགས་པའི་རྩ་འཛུགས་ཀྱི་ཧྲུའུ་ཅི། གཞོན་ནུའི་འཐུས་མི་བཅས་བསྡོམས་པས་མི300ཙམ་ཚོགས་འདུར་ཞུགས་ཡོད།
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba