ལོ་རྒྱུས་ཐོག་གི་རླངས་འཁོར་ཞིབ་དཔྱད་ཚད་ལེན་ནན་ཤོས་ཟེར་བ་བདེན་ནམ།

2024-12-11
811
        ཉེ་ཆར། མི་སྒེར་གྱི་སྨྱན་སྦྱོར་གྱི་ཐོ་ཁོངས་མང་པོ་ཞིག་གིས“ལོ་རྒྱུས་ཐོག་གི་རླངས་འཁོར་ཞིབ་དཔྱད་ཚད་ལེན་ནན་ཤོས་སླེབས་སོང”ཞེས་པ་དང་། “རླངས་འཁོར་ཞིབ་དཔྱད་ཚད་ལེན་གྱི་ལོ་ཚད་ལ་འགྱུར་བ་བྱུང་བ”ཞེས་པ། དེ་བཞིན“ལོ་རེའི་ཞིབ་དཔྱད་ཚད་ལེན་དེ་བས་ནན་དུ་ཕྱིན་པ”ཞེས་པ། “འབར་སྣུམ་རླངས་འཁོར་གྱི་ལོ་རེའི་ཞིབ་དཔྱད་ཚད་ལེན་ཁྲོད་OBDཡི་ཞིབ་དཔྱད་ཚད་ལེན་གསར་དུ་བསྣན་པ”ཞེས་པ་སོགས་ཀྱི་ཆ་འཕྲིན་ཡོངས་བསྒྲགས་བྱས་ཡོད། གསར་འགོད་པས་ཕྱོགས་མང་པོ་ཞིག་ནས་དཔང་རྟགས་ར་སྤྲོད་བྱས་ཏེ་ཤེས་རྟོགས་བྱུང་བར་གཞིགས་ན། གོང་གསལ་གྱི་བཤད་སྟངས་དེ་དག་ནི་དོན་དངོས་དང་མི་མཐུན་པའི་ཆ་འཕྲིན་ཤ་སྟག་ཡིན་པ་དང་མིག་སྔར་ས་གནས་ཁག་གི་རླངས་འཁོར་ཞིབ་དཔྱད་ཚད་ལེན་ལ་འགྱུར་ལྡོག་གསར་པ་གང་ཡང་་བྱུང་མེད་པ་རེད། 

 མིག་སྔར་མང་ཚོགས་ཀྱིས་རླངས་འཁོར་ཞིབ་དཔྱད་ཚད་ལེན་ཐད་དོ་སྣང་བྱ་ཡུལ་གང་དག་ཡོད་དམ། འབྲེལ་ཡོད་སྡེ་ཚན་གྱིས་དེ་དོན་འགྲེལ་བཤད་དང་ལན་ཇི་ལྟར་བརྒྱབ་ཡོད་དམ། 

“ལོ་རྒྱུས་ཐོག་གི་རླངས་འཁོར་ཞིབ་དཔྱད་ཚད་ལེན་ནན་ཤོས་ཡིན་ནམ།” 

རླངས་འཁོར་ཞིབ་དཔྱད་ཚད་ལེན་གྱི་ལོ་ཚད་དང་ཚད་གཞི་དེ་སྔོན་དང་གཅིག་མཚུངས་ཡིན།

 མི་སྒེར་གྱི་སྨྱན་སྦྱོར་ཐོག་ཡོངས་བསྒྲགས་བྱས་པའི་གནས་ཚུལ་ལས“སྲིད་ཇུས་གསར་པའི་ནང་རྐུབ་སྟེགས་9ཅན་དང་དེ་མན་གྱི་ཚོང་གཉེར་མིན་པའི་འགྲུལ་སྐྱེལ་རླངས་ལ་ལོ་10ཡི་ནང་ཡུལ་དངོས་སུ་ཞིབ་དཔྱད་ཚད་ལེན་ཐེངས་གསུམ་བྱ་རྒྱུའི་གཏན་འབེབས་མེད་པར་བཟོས་ནས་ཐེངས་གཉིས་བར་ཉུང་དུ་བཏང་བ”སོགས་འཁོད་ཡོད། གསར་འགོད་པས་འབྲེལ་ཡོད་གཏན་འབེབས་ཐད་འདྲི་རྟོགས་བྱེད་སྐབས། དོན་དངོས་ཐོག་གཏན་འབེབས་དེ་སྤྱི་ལོ་2022ལོའི་ཟླ་10པའི་ཚེས་1ཉིན་ནས་བཟུང་ལག་བསྟར་བྱེད་འགོ་ཚུགས་ཡོད་ལ་ད་ལོའི་སྲིད་ཇུས་གསར་པ་ཞིག་མིན་པ་དོ་སྣང་བྱུང་ཡོད། 

མིག་སྔར། ཚོང་གཉེར་མིན་པའི་འགྲུལ་སྐྱེལ་རླངས་འཁོར་ཆུང་གྲས་དང་ཆེས་ཆུང་གྲས(རྐུབ་སྟེགས་9ཅན་དང་རྐུབ་སྟེགས་9མན་ཅན་ཚུད་པ)ལ་ལོ་10ཡི་ནང་ཡུལ་དངོས་སུ་ཞིབ་དཔྱད་ཚད་ལེན་ཐེངས་2བྱེད་དགོས་པ་དང་། ལོ་6པ་དང་ལོ10པར་ཁག་སོ་སོར་ཡུལ་དངོས་སུ་ཞིབ་དཔྱད་ཚད་ལེན་བྱས་ན་ཆོག་གི་ཡོད། ཐོ་འགོད་བྱས་པའི་དུས་ཚོད་ལོ་10ལས་བརྒལ་བའི་རིགས་ལོ་ལྟར་ཡུལ་དངོས་སུ་ཞིབ་དཔྱད་ཚད་ལེན་ཐེངས་རེ་བྱེད་དགོས་ཀྱི་ཡོད། 

ཀྲེ་ཅང་ཞིང་ཆེན་ཧང་ཀྲོའུ་གྲོང་ཁྱེར་སྤྱི་བདེ་ཅུས་འགྲིམ་འགྲུལ་ཉེན་རྟོག་ཉིང་ལག་རུ་ཁག་རླངས་འཁོར་དོ་དམ་སུའོ་ཡི་ལས་དོན་མི་སྣས། ད་ལོའི་ལོ་བཤེར་ཚད་གཞི་དེ་སྔོན་དང་གཅིག་མཚུངས་ཡིན་ཞེས་བསྟན་པ་དང་། གསར་འགོད་པས་ས་ཆ་མང་པོ་ཞིག་གི་རླངས་འཁོར་དོ་དམ་སུའོ་དང་རླངས་འཁོར་ཞིབ་དཔྱད་ཚད་ལེན་སྒྲིག་གཞིའི་འབྲེལ་ཡོད་མི་སྣར་བཅར་འདྲི་བྱེད་སྐབས། ཁོང་ཚོས་བཏབ་པའི་ལན་ཆ་ཚང་གཅིག་མཚུངས་ཡིན་པ་རེད།

“འབར་སྣུམ་རླངས་འཁོར་གྱི་ལོ་རེའི་ཞིབ་དཔྱད་ཚད་ལེན་ཁྲོད་OBDཡི་ཞིབ་དཔྱད་ཚད་ལེན་གསར་སྣོན་བྱས་ཡོད་དམ།” 

གཏན་འབེབས་དེ་སྤྱི་ལོ་2019ལོར་དངོས་སུ་ལག་ལེན་བསྟར་ཟིན། 

དྲ་ཐོག་ཏུ་བརྗོད་པའི་OBDཡི་ཞིབ་དཔྱད་ཚད་ལེན་ནི། དོན་དངོས་སུ་སྤྱི་ལོ་2019ལོའི་ཟླ11པའི་ཚེས1ཉིན་ནས་དངོས་སུ་ལག་ལེན་བསྟར་ཟིན་པ་ཞིག་རེད། 

OBDནི་རླངས་འཁོར་ཐོག་གི་རང་འགུལ་བརྟག་དཔྱད་མ་ལག་ལ་ཟེར་ཞིང་། གང་དེ་རླངས་འཁོར་དང་སྒུལ་བྱེད་འཕྲུལ་ཆས་ཀྱི་སྟེང་དུ་བཞག་པའི་རྩིས་འཁོར་གྱི་ཆ་འཕྲིན་མ་ལག་ཅིག་ཡིན། དེར་ཕྱིར་འབུད་ལ་ཤུགས་རྐྱེན་ཐེབས་པའི་ཆག་སྐྱོན་བརྟག་དཔྱད་དང་ཉེན་བརྡ་གཏོང་བ། གསོག་འཇོག དེ་བཞིན་འཕྲིན་གཏོང་བཅས་ཀྱི་བྱེད་ནུས་ལྡན་ཡོད་ཅིང་། མ་ལག་དེས་དུས་དང་རྣམ་པ་ཀུན་ཏུ་སྒུལ་བྱེད་འཕྲུལ་འཁོར་གྱི་འཁོར་སྐྱོད་གནས་ཚུལ་ལ་ལྟ་སྐུལ་ཚོད་འཛིན་ཐུབ་ཀྱི་ཡོད་པས། རླངས་འཁོར་གྱི་མཇུག་རླངས་ཚད་ལས་བརྒལ་བ་འབུད་པ་ཤེས་ཚེ་འཕྲལ་མར་ཉེན་བརྡ་གཏོང་གི་ཡོད། 

གསར་འགོད་པས་འབྲེལ་ཡོད་གཏན་འབེབས་ལྟ་ཀློག་བྱས་ནས་ཤེས་རྟོགས་བྱུང་བར། རླངས་འཁོར་གྱི་མཇུག་རླངས་འབུད་ཚད་ཉུང་དུ་གཏོང་ཆེད། སྤྱི་ལོ་2018ལོའི་ཟླ་11པར་འབྱུང་ཁམས་ཁོར་ཡུག་པུའི་སྤྱི་ལོ་2018ལོའི་ཡིག་ཨང་51པའི་སྤྱི་བསྒྲགས་ནང་། རླངས་འཁོར་གྱི་མཇུག་རླངས་ཞིབ་དཔྱད་ཚད་གཞི་ཁག་གཉིས་ཡོངས་བསྒྲགས་བྱས་པའི་ནང་OBDཡི་ཞིབ་དཔྱད་ཚད་ལེན་སོགས་ཀྱི་ནང་དོན་གསར་པ་བསྣན་པ་དང་འབྲེལ་སྤྱི་ལོ་2019ལོ་ནས་བཟུང་། མཇུག་རླངས་འབུད་པའི་ཞིབ་དཔྱད་ཚད་ལེན་གྱི་བྱ་ཐབས་གསར་པ་དང་ཚོད་འཛིན་ཚད་གཞི་ལག་བསྟར་བྱས་ཡོད་པ་རེད། 

ཤེས་རྟོགས་བྱུང་བར་གཞིགས་ན། OBDཡི་ཞིབ་དཔྱད་ཚད་ལེན་གྱིས་གྲངས་གཞི་འཚོལ་བསྡུའི་བརྒྱུད་གཏོང་ཡོ་བྱད་ལ་བརྟེན་ནས་རླངས་འཁོར་ནང་གི་OBDམ་ལག་ཆ་འཕྲིན་ཀློག་ལེན་བྱེད་པ་དང་འབྲེལ་རླངས་འཁོར་ཀྱི་ནུས་པ་ཁག་རྒྱུན་གཏན་དང་ནུས་ལྡན་ངང་འཁོར་སྐྱོད་ཐུབ་མིན་ལ་ཞིབ་བཤེར་བྱེད་ཀྱི་ཡོད་པ་རེད། ཞིབ་དཔྱད་ཚད་ལེན་ལས་ཁུངས་ག་གེ་མོ་ཞིག་གི་འགན་འཁུར་བས། དེ་སྔ་ཐོན་སྐྱེད་བྱས་པའི་རླངས་འཁོར་ལOBDམ་ལག་སྒྲིག་སྦྱོར་བྱས་མེད། འོན་ཀྱང་ཉེ་བའི་ལོ་འགའི་རིང་ཐོན་སྐྱེད་བྱས་པའི་རླངས་འཁོར་གསར་པ་ཚང་མརOBDསྒྲིག་སྦྱོར་བྱས་ཡོད། གཏན་འབེབས་ལྟར་ན། སྤྱི་ལོ་2011ལོའི་ཟླ་7པའི་ཚེས་1ཉིན་ནས་ཐོན་སྐྱེད་བྱས་པའི་རླངས་སྣུམ་རླངས་འཁོར་ཡང་གྲས་ཚང་མར་OBDཡི་ཞིབ་དཔྱད་ཚད་ལེན་བྱེད་དགོས་ཀྱི་ཡོད་ཅེས་གསུངས་པ་རེད། 

ཧོ་ནན་གྱི་ཞིབ་དཔྱད་ཚད་ལེན་སྒྲིག་གཞི་ཞིག་གི་འགན་འཁུར་བས་གསར་འགོད་པར། རླངས་འཁོར་ཞིབ་དཔྱད་ཚད་ལེན་བྱེད་པའི་ལོ་ཚད་དང་ཚད་གཞི་དེ་སྔོན་དང་བསྡུར་ན་འགྱུར་ལྡོག་གསར་པ་བྱུང་མེད། འོན་ཀྱང་ད་ལོ་ནས་བཟུང་འབྲེལ་ཡོད་སྡེ་ཚན་གྱི་ལྟ་སྐུལ་དོ་དམ་སྔར་བས་ནན་དུ་ཕྱིན་ཡོད་ཅེས་དང་། “གལ་སྲིད་རླངས་འཁོར་གྱི་OBDམ་ལག་ལ་ཞིབ་དཔྱད་ཚད་ལེན་བྱས་པ་ཚད་དང་མ་མཐུན་ཚེ་ངེས་པར་དུ་རླངས་འཁོར་ཉམས་གསོ་བྱེད་དགོས། ལ་ལར་དུ་བ་ཐོན་སའི་སྦུ་གུ་གཙང་འཁྲུ་བྱས་ན་འགྲིག་གི་ཡོད། འོན་ཀྱང་ལ་ལར་སྒུལ་བྱེད་འཕྲུལ་འཁོར་ཉམས་གསོ་བྱེད་དགོས་ཀྱི་ཡོད་ཅེས་གསུངས་པ་རེད། 

འབྲེལ་ཡོད་སྡེ་ཚན་གྱིས་འཕྲུལ་སྒུལ་རླངས་འཁོར་ཀྱི་ཞིབ་དཔྱད་ཚད་ལེན་རྫུན་བཟོ་བྱེད་རིགས་ལ་རྡུང་རྡེག་བཏང་ནས། ཞིབ་དཔྱད་ཚད་ལེན་གྱི་ཚད་ལྡན་རང་བཞིན་ལ་ཤུགས་སྣོན་རྒྱག་དགོས། 

ཉིན་ཤས་གོང་འབྱུང་ཁམས་ཁོར་ཡུག་པུས་ཁག་གཉིས་པའི་འཕྲུལ་སྒུལ་རླངས་འཁོར་གྱི་ཕྱིར་འབུད་ཞིབ་བཤེར་ཁྱབ་ཁོངས་ཀྱི་ཕྱོགས་གསུམ་སྒྲིག་གཞི་4ལ་ཆེད་དོན་བཅོས་སྒྲིག་གི་དཔེ་མཚོན་གནད་དོན་བརྡ་ཁྱབ་བཏང་བ་དང་། གྱོད་འབྲེལ་ཞིབ་དཔྱད་ཚད་ལེན་སྒྲིག་གཞི་ཚང་མར་ཞིབ་དཔྱད་ཚད་ལེན་སྙན་ཞུ་རྫུས་མ་བཟོས་པའི་ཉེས་དོན་ཉེས་གསོག་གི་དོགས་པ་ཡོད་པ་དང་། ངོ་སྤྲོད་ཡིག་ཆ་རྫུས་མ་མཁོ་འདོན་བྱས་པའི་ནག་ཉེས་དང་རྩིས་འཁོར་གྱི་ཆ་འཕྲིན་མ་ལག་ལ་གཏོར་བཤིག་བཏང་བའི་ནག་ཉེས་དང་འབྲེལ་བ་ཡོད་པ་ཤ་སྟག་རེད། 

དེའི་གོང་ཁྱབ་བསྒྲགས་བྱས་པའི་ཁག་དང་པོའི་དཔེ་མཚོན་གྱོད་དཔེ་དང་བསྡུར་ན་ཁག་འདིའི་དཔེ་མཚོན་གྱོད་དཔེའི་ཁྲིམས་འགལ་གནས་ཚུལ་སྔར་བས་ཚབས་ཆེ་བ་དང་། གྱོད་འབྲེལ་དངུལ་གྱི་གྲངས་འབོར་སྔར་ལས་མང་བ། ཤུགས་རྐྱེན་སྔར་བས་ཆེ་བ་བཅས་ཡོད། 

མིག་སྔར་ལྟ་སྐུལ་དོ་དམ་སྡེ་ཚན་གྱིས་འབྱུང་ཁམས་ཁོར་ཡུག་ཁྱབ་ཁོངས་ཀྱི་འབྲེལ་ཡོད་ཁྲིམས་འཛིན་ཉམས་མྱོང་དཔྱད་གཞིར་འཛིན་པ་དང་མཉམ་འབྲེལ་གྲོས་མོལ་དང་། མཉམ་འབྲེལ་ཁྲིམས་འཛིན། མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བཅས་ཀྱི་ལས་ཀའི་ལམ་སྲོལ་བཙུགས་ཏེ་ས་ཁོངས་ལས་བརྒལ་བའི་མཉམ་ལས་བྱེད་ཤུགས་ཆེ་རུ་བཏང་ནས། ཚོགས་སྒྲིག་རྣམ་པའི་ཉེས་གསོག་དང་འབྲེལ་ཐག་རྣམ་པའི་རྫུན་བཟོར་རྡུང་རྡེག་ཚ་ནན་བཏང་ཡོད།

ཧོ་ནན་ཞིང་ཆེན་འབྱུང་ཁམས་ཁོར་ཡུག་ཐིང་སྤོ་འགུལ་འབྱུང་ཁུངས་སྦགས་བཙོག་ལྟ་སྐུལ་དོ་དམ་ཁྲུའུ་ཡི་ཁྲུའུ་ཀྲང་ཀྲང་ཧྥན་གྱིས། ཁོར་ཡུག་སྲུང་སྐྱོང་གི་ཞིབ་དཔྱད་ཚད་ལེན་ནི་ལྷུ་ཚིགས་མང་པོ་དང་འབྲེལ་བ་ཡོད་པའི་རྙོག་འཛིང་ཆེ་བའི་བརྒྱུད་རིམ་ཞིག་ཡིན་པ་དང་། ཐོན་སྲིད་པའི་གཡོ་ལས་སམ་ཡང་ན་ཚད་ལྡན་མིན་པའི་བཀོལ་སྤྱོད་ཀྱི་མཚམས་ཚིགས་མང་པོ་ཞིག་ལྡན་ཡོད། རླངས་འཁོར་ལ་ཞིབ་དཔྱད་ཚད་ལེན་གྱི་ཁོར་ཡུག་སྲུང་སྐྱོང་གི་ལྟ་སྐུལ་དོ་དམ་གྱི་ཐོག་མའི་དུས་སུ། ཚང་མས་མངོན་གསལ་དོད་པའི་གཡོ་ལས་ཁག་གཅིག་ལ་དོ་སྣང་དེ་བས་ཆེན་པོ་བྱེད་སྲིད་པ་དཔེར་ན། སྙན་ཞུའི་རེའུ་མིག་རྫུན་བཟོ་བྱེད་པ་དང་། མཇུག་རླངས་ཀྱི་དུ་བ་ནག་པོར་འཕྱུར་བར་ཞིབ་དཔྱད་རྩིས་ལེན་བྱེད་པ། སྦུ་གུ་བཙུགས་ནས་ཞིབ་དཔྱད་ཚད་ལེན་མི་བྱེད་པ་སོགས་ཚུད་ཡོད། བྱ་སྤྱོད་དེ་དག་ལ་ཚན་རྩལ་འདུས་ཚད་དམའ་ལ་བྱ་ཐབས་ཀྱང་སྔར་ལས་སྡུག་པ་ཡིན་ཞེས་གསུངས་པ་རེད། 

ཀྲང་ཧྥན་གྱིས། ད་ལོའི་ལོ་སྨད་ནས་བཟུང་འབྱུང་ཁམས་ཁོར་ཡུག་པུས་རླངས་འཁོར་གྱི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞིབ་དཔྱད་ཚད་ལེན་ཁྱབ་ཁོངས་ལ་བརྟག་ཞིབ་དང་ཞིབ་བཤེར་བྱས་པ་བརྒྱུད་མིག་སྔར་ཅུང་མངོན་གསལ་དོད་ཅིང་ཡོངས་ཁྱབ་རང་བཞིན་གྱི་གནད་དོན་ནི་ས་ཁུལ་ཁག་ཅིག་གི་OBDཡི་ཞིབ་དཔྱད་ཚད་ལེན་ཚད་ལྡན་མིན་པ་ཤེས་རྟོགས་བྱུང་ནས་དེའི་ཐད་ཀྱི་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་ཡོད་ཅེས་ངོ་སྤྲོད་གནང་བ་རེད། 

སྤྱི་ལོ་2025ལོའི་ཟླ་3པའི་ཚེས་1ཉིན་ནས་བཟུང་། 《ནུས་རྒྱུ་གསར་པའི་རླངས་འཁོར་འཁོར་སྐྱོད་ཀྱི་བདེ་འཇགས་ནུས་པའི་ཞིབ་བཤེར་སྒྲིག་སྲོལ》དངོས་སུ་ལག་ལེན་བསྟར་རྒྱུ་དང་། དེ་ནི་རང་རྒྱལ་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ལ་དམིགས་པའི་བདེ་འཇགས་ཞིབ་བཤེར་གྱི་ཚད་གཞི་ཐོག་མ་དེ་ཡིན། གཏན་འབེབས་གསར་པ་དེས་རླངས་འཁོར་གྱི་ལོ་བཤེར་གྱི་ནང་དོན་དང་བྱེད་ཐབས་ལ་འགྱུར་ལྡོག་གཏོང་རྒྱུ་ཡིན་པ་དང་། ལྷག་དོན་དུ་OBDཡི་ཞིབ་བཤེར་རྣམ་གྲངས་གསར་སྣོན་བྱ་རྒྱུ་རེད། འབར་སྣུམ་རླངས་འཁོར་གྱི་ངོས་ནས་བརྗོད་ན། མིག་སྔར་ལོ་བཤེར་གྱི་སྒྲིག་སྲོལ་གསར་པ་བཏོན་མེད་པ་རེད།

ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།

  • 顶