ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཟླ1པོ་ནས་ཟླ11པའི་བར། སི་ཁྲོན་ཞིང་ཆེན་གྱི་སྤྱིར་བཏང་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར971བཏང་ཡོད། ཟླ12པའི་ཚེས4ཉིན་སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གཞུང་ལམ་ཅུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན། ཞིང་ཆེན་ཡོངས་ཀྱིས་ཟླ་བ་གཅིག་གི་སྔ་སྣུར་དུ་ལོ་ཧྲིལ་པོའི་སྤྱིར་བཏང་གཞུང་ལམ་ཐད་མ་དངུལ་སྒོར་དུང་ཕྱུར970གཏོང་བའི་དམིགས་ཚད་ལེགས་འགྲུབ་བྱས་ནས། ད་ལོར་བསྟུད་མར་ལོ་གསུམ་ལ་མ་འཇོག་སྒོར་དུང་ཕྱུར་ཆིག་སྟོང་ལས་བརྒལ་བའི་རེ་བ་ཡོད།

ཏ་ཀྲོའུ་གྲོང་ཁྱེར་ཞོན་ཧན་རྫོང་པ་ཧྲན་གྲོག་རོང་ཆེན་པོའི་གཞུང་ལམ།
སྒོར་དུང་ཕྱུར971ནང་། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་ལ་མ་དངུལ་སྒོར་དུང་ཕྱུར572བཏང་བ་དང་། བསྟུད་མར་ལོ་བཞིའི་རིང་གཞི་ཁྱོན་ཆེ་ཙམ་རྒྱུན་འཁྱོངས་ཐུབ་ཡོད། “ལོ་མགོར་ང་ཚོས་མ་འཇོག་བྱེད་ཚད་དང་ཨར་ལས་ཀྱི་དཀའ་ཚད་སོགས་ཀྱི་ཁྱད་ཆོས་ལ་གཞིགས་ནས། ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་དཀྱུས་མའི་འཛུགས་སྐྲུན་རྣམ་གྲངས221ལ་འཆར་འགོད་བཀོད་ཡོད”ཅེས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གཞུང་ལམ་ཅུའུ་ཡི་འབྲེལ་ཡོད་འགན་འཁུར་བས་ངོ་སྤྲོད་བྱས་ཤིང་། གནད་ལ་འཁེལ་བའི་སྒོ་ནས་འཆར་འགོད་བཟོས་ཏེ་ཁྱད་པར་ཅན་གྱི་དོ་དམ་བྱེད་པ་དང་། རྣམ་གྲངས་དོན་འཁྱོལ་ཐུབ་པར་སྐུལ་འདེད་བཏང་ཡོད། རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་སྤྱིར་བཏང་གཞུང་ལམ་གྱི་སྤུས་ཚད་མཐོར་གཏོང་དང་རིམ་སྤོར་ལ་དུས་བཀག་ལྟར་སྐུལ་འདེད་བཏང་བ་དང་། དུས་མཚུངས་སུ་རོགས་སྐྱོར་རང་བཞིན་གྱི་རྣམ་གྲངས་དང་འགྲིམ་འགྲུལ་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་གྲངས་ཁག་གཅིག་མགྱོགས་མྱུར་སྒོས་དོན་འཁྱོལ་བྱས་ཡོད།
སྒོར་དུང་ཕྱུར971གི་ཁྲོད་ནས་གྲོང་གསེབ་ཀྱི་གཞུང་ལམ་ལ་མ་དངུལ་སྒོར་དུང་ཕྱུར330བཏང་བ་དང་། གསར་དུ་བསྐྲུན་པའི་ལམ་ཚད་སྤྱི་ལེ་ཁྲི1.1ཟིན་ཡོད། ཐོན་ལས་གཞུང་ལམ་དང་ཡུལ་སྐོར་ལམ་ཐིག་ཁག་གཅིག་བསྐྲུན་ནས། རང་བྱུང་གྲོང་ཚོ6073ལ་ཨར་འདམ་ལམ་ཤར་གཏོང་བྱས་ཏེ། གྲོང་གསེབ་དར་རྒྱས་དང་འཕེལ་རྒྱས་ཆེད་རྨང་གཞིའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱས་ཡོད།
སི་ཁྲོན་ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་ལྟར། 2025ལོར་བསླེབ་སྐབས་ཞིང་ཆེན་ཡོངས་ཀྱི་ས་ཁོངས་ཧྲིལ་པོར་ཤར་གཏོང་ཐུབ་པའི་སྤྱིར་བཏང་གཞུང་ལམ་དྲ་བའི་མ་ལག་རགས་ཙམ་བསྐྲུན་ནས། སྤྱིར་བཏང་གཞུང་ལམ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྔར་བས་སྐུལ་འདེད་གཏོང་རྒྱུ་རེད། འཆར་འགོད་བྱེད་རིང་ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གཞུང་ལམ་འཛུགས་སྐྲུན་ལ་མ་དངུལ་སྒོར་དུང་ཕྱུར1900ཙམ་གཏོང་རྒྱུའི་འཆར་གཞི་ཡོད། ཟླ11པར། ཞིང་ཆེན་ཡོངས་ཀྱི་སྤྱིར་བཏང་གཞུང་ལམ་འཛུགས་སྐྲུན་གྱི“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”རིང་བསྡོམས་པས་མ་དངུལ་སྒོར་དུང་ཕྱུར3953བཏང་བ་དེ་འཆར་འགོད་དམིགས་ཚད་ཀྱི་ལྡབ2ཡིན་པ་རེད།
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba