ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཨའོ་མོན་དུ་བཅའ་སྡོད་བྱས་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་འཚོགས་པ།

2024-12-05
837

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས3ཉིན་གྱི་སྔ་དྲོར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་ཨའོ་མོན་དུ་བཅའ་སྡོད་བྱས་ནས་ལོ་འཁོར25ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་དེ་ཨའོ་མོན་དུ་བཅའ་སྡོད་བྱེད་པའི་དཔུང་སྡེའི་ཏེང་ཙེ་དམག་སྒར་དུ་འཚོགས་པ་རེད།

དམག་སྒར་གྱི་ཚོགས་ཁང་ནང“‘རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས’ཀྱི་རླབས་ཆེའི་བྱེད་ཕྱོགས་ལག་བསྟར་བྱས་ནས། ཨའོ་མོན་ཡུན་རིང་དར་རྒྱས་བརྟན་ལྷིང་ཡོང་བར་སྲུང་སྐྱོང་བྱེད་དགོས”ཞེས་པའི་སྦྱར་ཡིག་བཀྲག་མདངས་འཚེར་ཞིང་། སྔ་དྲོའི་ཆུ་ཚོད10པ་ཡོལ་ཙམ་ལ་ཚོགས་ཆེན་རྔམ་བརྗིད་ལྡན་པའི་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་གླུའི་ཁྲོད་མགོ་ཚུགས་པ་རེད།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧོ་ཧོའུ་ཧྭ་ཚོགས་ཆེན་ལ་ཞུགས་ཡོད། ཀྲུང་དབྱང་དམག་ཨུའི་ཆབ་སྲིད་ལས་དོན་པུའི་ཀྲུའུ་རེན་ལས་རོགས་པ་པེན་རུའེ་ཧྥུང་གིས་ཀྲུང་དབྱང་དམག་ཨུ་ལས་ཁུངས་ཀྱི་ཚབ་ཞུས་ནས་གསུང་བཤད་གནང་བ་རེད། ལྷོ་རྒྱུད་འཐབ་ཁུལ་གྱི་སི་ལིང་ཡོན་ཝུའུ་ཡ་ནན་དང་། ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་སྲིད་འཛིན་དཔོན་ཧོ་དབྱི་ཁྲེང་། ཨའོ་མོན་གྱི་ཀྲུང་དབྱང་མཉམ་འབྲེལ་གཞུང་དོན་ཁང་གི་ཀྲུའུ་རེན་ཀྲེང་ཞིན་ཚུང་། ཨའོ་མོན་དུ་བཅའ་སྡོད་བྱེད་པའི་དཔུང་སྡེའི་སི་ལིང་ཡོན་ཡུས་ཁྲང་ཅང་བཅས་ཀྱིས་སོ་སོར་གསུང་བཤད་དང་ཤིས་ཚིག་གནང་། ཨའོ་མོན་དུ་བཅའ་སྡོད་བྱེད་པའི་དཔུང་སྡེའི་ཆབ་སྲིད་ཨུ་ཡོན་ལིན་ཆིང་ཧྭ་ཡིས་ཚོགས་ཆེན་ལ་མགོ་འཛིན་གནང་།

ཨའོ་མོན་དུ་བཅའ་སྡོད་བྱས་ནས་ལོ་ངོ25སོང་རིང་། ཨའོ་མོན་གྱི་བཅའ་སྡོད་དཔུང་སྡེས“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་བྱེད་ཕྱོགས་ལག་བསྟར་མཐའ་གཅིག་ཏུ་བྱེད་པ་དང་། གཞི་རྩའི་བཅའ་ཁྲིམས་དང་བཅའ་སྡོད་དམག་དཔུང་གི་བཅའ་ཁྲིམས་དོན་འཁྱོལ་ནན་ཏན་བྱེད་པ། འགོག་སྲུང་ལས་དོན་གྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ་བཅས་བྱས་ཏེ། ཨའོ་མོན་གྱི་དར་རྒྱས་བརྟན་ལྷིང་སྲུང་སྐྱོང་བྱ་ཆེད་ནུས་པ་གལ་ཆེན་བཏོན་པ་དང་། ཟིལ་རྔམ་ལྡན་པའི་དམག་དཔུང་དང་དཔལ་ཡོན་ལྡན་པའི་དམག་དཔུང་གི་སྣང་བརྙན་བཟང་པོ་གང་ལེགས་སྒོས་མངོན་པར་བྱས་ཡོད། ལྷག་པར་དུ་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ཨའོ་མོན་བཅའ་སྡོད་དཔུང་སྡེས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ལག་བསྟར་གཏིང་ཟབ་དང་། དམག་དཔུང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་བརྒྱབ་ནས། འགོག་སྲུང་ལས་དོན་ལྟེ་བར་བྱེད་པའི་ལས་འགན་ཁག་ལེགས་སྒྲུབ་ཡག་པོ་བྱེད་པ་དང་། རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། ཨའོ་མོན་དར་རྒྱས་བརྟན་ལྷིང་བཅས་ལ་སྲུང་སྐྱོང་ནུས་ལྡན་བྱས་ཏེ། ཏང་དང་མི་དམངས་ལ་ཚད་ལོན་གྱི་རྒྱུགས་ལན་སྤྲད་ནས། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་ཀྱིས་བློས་འགེལ་ཆོག་པ་དང་སྤུན་ཟླ་ཨའོ་མོན་བས་བློས་འགེལ་ཆོག་པའི་ལྷག་བསམ་རྣམ་པར་དག་པའི་སྲུང་དམག་ཅིག་ཏུ་གྱུར་ཡོད།

རྒྱང་སྐྱོད་ཀྱི་ལམ་བུ་གསར་པའི་ཐོག་གོམ་སྟབས་ཆེན་པོས་མདུན་དུ་བསྐྱོད་དེ་དུས་རབས་གསར་པར་བྱས་རྗེས་བཞག ཨའོ་མོན་བཅའ་སྡོད་དཔུང་སྡེའི་དཔོན་དམག་གིས་ཨའོ་མོན་དུ་བཅའ་སྡོད་བྱས་ནས་ལོ་འཁོར25ལོན་པ་མགོ་འཛུགས་ས་གསར་པར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ། བསམ་བློ་ཆབ་སྲིད་འཛུགས་སྐྱོང་ལ་ཤུགས་སྣོན་ཆེན་པོ་རྒྱག་པ། སྟོབས་ཤུགས་གཅིག་སྒྲིལ་གྱིས་དམག་སྦྱོང་དམག་གྲབས་ལ་སྐུལ་འདེད་གཏོང་བ། ཁྲིམས་ལྟར་དམག་དཔུང་གཟབ་ནན་གྱིས་སྐྱོང་བ་མཐའ་འཁྱོངས་བྱེད་པ། འགོག་སྲུང་ལས་དོན་གྱི་འགན་འཁྲི་ལྷག་བསམ་རྣམ་དག་གིས་སྒྲུབ་པ། ཨའོ་མོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་རམ་འདེགས་བྱེད་པ་བཅས་ཀྱི་ཐོག་ནས། ཨའོ་མོན་གྱི་ཁྱད་ཆོས་ལྡན་པའི“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས”ཀྱི་ལག་ལེན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་ཆེད་སྔར་ལས་ཆེ་བའི་ལེགས་སྐྱེས་གསར་པ་ཕུལ་ཡོད། 

ཚོགས་ཆེན་རྔམ་བརྗིད་ལྡན་པའི་ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་དམག་གླུའི་ཁྲོད་མཇུག་འགྲིལ་བ་རེད། ཨའོ་མོན་དམིགས་བསལ་ཁུལ་གྱི་དེ་སྔའི་སྲིད་འཛིན་དཔོན་ཚུའེ་ཧྲི་ཨན་དང་། ཀྲུང་དབྱང་དམག་ཨུ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཚན་དང་ཨའོ་མོན་དུ་བཅའ་སྡོད་བྱེད་པའི་ཀྲུང་དབྱང་ལས་ཁུངས་ཀྱི་འཐུས་མི། དམིགས་བསལ་ཁུལ་སྲིད་གཞུང་གི་དཔོན་རིགས་གཙོ་བོ། ཨའོ་མོན་ཁུལ་གྱི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་འཐུས་མི་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ། ཨའོ་མོན་གྱི་ཀྲུང་གོའི་མ་འཇོག་སྒྲིག་གཞི་གཙོ་བོ་དང་རྒྱལ་གཅེས་ཨའོ་གཅེས་ཚོགས་པའི་འགན་འཁུར་བ། ཞང་ཀང་དུ་བཅའ་སྡོད་བྱེད་པའི་བཅིངས་འགྲོལ་དམག་གི་དཔུང་སྡེ་དང་། ཀོང་ཏུང་ཞིང་ཆེན། ཀྲུའུ་ཧའེ་གྲོང་ཁྱེར་གྱི་མགོ་ཁྲིད་དང་བཅའ་སྡོད་དཔུང་སྡེའི་དཔོན་དམག་གི་འཐུས་མི་བཅས་ཁྱོན་མི600ལྷག་ཚོགས་ཆེན་ལ་ཞུགས་ཡོད།

ཚོགས་ཆེན་མ་འཚོག་གོང་གི་སྔ་ཉིན། ཨའོ་མོན་བཅའ་སྡོད་དཔུང་སྡེས“ཕུགས་འདུན་དོན་གཉེར་གྱིས་དམག་དཔུང་སྟོབས་ཆེར་གཏོང་བ·ཧའོ་ཅང་གཙང་པོར་བསྟོད་པ”ཞེས་པའི་རིག་རྩལ་དགོང་ཚོགས་འཚོགས་ཏེ་དམག་དཔུང་དང་ས་གནས་ཀྱིས་ཐའེ་ཝན་དང་མཐུན་འབྲེལ་བྱེད་པ་དང་། གླུ་གར་དང་གྱེར་འདོན། དངོས་ལྗོངས་འཁྲབ་སྟོན་སོགས་ཀྱི་རྣམ་པའི་ཐོག་ནས་བཅའ་སྡོད་དམག་དཔུང་གི་ཆབ་སྲིད་ཀྱི་དམག་དཔུང་འཛུགས་སྐྱོང་དང་། དམག་སྦྱོང་དམག་གྲབས་དང་འགོག་སྲུང་ལས་དོན་གྱི་གྲུབ་འབྲས་གསར་པ་ལག་ལེན་བསྟར་བ། ཨའོ་མོན་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་སྤྱི་ཡོངས་ནང་མཉམ་འདྲེས་བྱས་པའི་ཉམས་འགྱུར་གསར་པར་བསྟོད་གླུ་ཕུལ་ཏེ། ཨའོ་མོན་མེས་རྒྱལ་གྱི་པང་དུ་ལོག་པ་དང་ཀྲུང་གོའི་མི་དམངས་བཅིངས་འགྲོལ་དམག་ཨའོ་མོན་དུ་བཅའ་སྡོད་བྱས་ནས་ལོ་འཁོར25ལོན་པར་བསྟོད་བསྔགས་བྱས་པ་རེད། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 

  • 顶