ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2024ལོའི་འཛམ་གླིང་སྲོལ་རྒྱུན་གསོ་རིག་ཚོགས་ཆེན་ཚེས3ཉིན་པེ་ཅིན་དུ་མགོ་ཚུགས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་དབྱིན་ལིས་མགོ་ཚུགས་མཛད་སྒོའི་ཐོག་ཀྲུའུ་ཞི་ཞི་ཅིན་ཕིང་གི་རྟེན་འབྲེལ་ཞུ་ཡིག་སྒྲོག་འདོན་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ལིའུ་གོ་ཀྲུང་མགོ་ཚུགས་མཛད་སྒོར་ཕེབས་པ་མ་ཟད་ཤིས་ཚིག་གནང་།
ལིའུ་གོ་ཀྲུང་གིས་ནན་གྱིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཆེད་མངགས་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་དེ་ཐོག་ནས་སྲོལ་རྒྱུན་གྱི་གསོ་རིག་སྨན་རྫས་དང་ད་ཐེངས་ཀྱི་ཚོགས་ཆེན་ལ་ཚད་མཐོའི་མཐོང་ཆེན་གནང་བ་གང་ལེགས་སྒོས་མཚོན་ཡོད། དེ་ནི་མིའི་རིགས་ཀྱི་དཔལ་ཡོན་གསར་གཏོད་ཀྱི་གྲུབ་འབྲས་ཤིག་ཡིན་པའི་ངོས་ནས་སྲོལ་རྒྱུན་གསོ་རིག་སྨན་རྫས་ཀྱིས་མིའི་རིགས་སྐྱེ་འཕེལ་འཚོ་གནས་དང་འཛམ་གླིང་གི་དཔལ་ཡོན་ཡར་ཐོན་ལ་ལེགས་སྐྱེས་གལ་ཆེན་ཕུལ་ཡོད་པས། འཛམ་གླིང་གསོ་རིག་མ་ལག་གི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ནས་ནད་ཡམས་སྨན་བཅོས་དང་། བདེ་ཐང་ལ་སྐུལ་འདེད། རྒྱུན་འཛིན་གསར་གཏོད་སོགས་ཀྱི་ཐད་དམིགས་བསལ་གྱི་ནུས་པ་དང་མི་མངོན་པའི་སྟོབས་ཤུགས་ཆེན་པོ་ལྡན་ཡོད།
ལིའུ་གོ་ཀྲུང་གིས་བསྟན་དོན། ཀྲུང་གོས་ཀྲུང་ལུགས་གསོ་རིག་དང་སྨན་རྫས་བྱ་གཞག་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱེད་པ་དང་། སྙིང་བཅུད་རྒྱུན་འཛིན་དང་དུས་བསྟུན་འཕེལ་རྒྱས་མཐའ་འཁྱོངས་བྱེད་པ། ཀྲུང་ལུགས་དང་ཕྱི་ལུགས་གསོ་རིག་གི་ལེགས་ཆ་གསབ་རེས་དང་མཐུན་སྦྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་གསོ་རིག་འཕེལ་རྒྱས་ཀྱི་བགྲོད་ལམ་ཐོག་བསྐྱོད་ཡོད། ཀྲུང་གོ་ནི་འགན་འཁུར་མཁན་གྱི་རྒྱལ་ཁབ་ཆེན་པོ་ཞིག་དང་སྲོལ་རྒྱུན་གྱི་གསོ་རིག་སྨན་རྫས་ཀྱི་རྒྱལ་ཁབ་ཆེན་པོ་ཞིག་ཡིན་པའི་ངོས་ནས། ཕྱོགས་སོ་སོ་དང་མཉམ་དུ་སྲོལ་རྒྱུན་གྱི་གསོ་རིག་སྨན་རྫས་དེ་གོ་ལ་ཧྲིལ་པོའི་འཕྲོད་བསྟེན་མ་ལག་ནང་གཏིང་ཟབ་ངང་ཟུག་པར་སྐུལ་འདེད་གཏོང་འདོད་ཡོད། ཁོང་གིས་གྲོས་གཞི་གསུམ་བཏོན་པ་སྟེ། གཅིག་ནས་རང་ཚུགས་རང་རྟོན་མཐའ་འཁྱོངས་ཀྱིས་སྲོལ་རྒྱུན་གསོ་རིག་འཕེལ་རྒྱས་དང་བཀོལ་སྤྱོད་བར་མཐོངས་རྒྱ་ཆེར་བཏང་སྟེ། རང་རྒྱལ་ཁབ་ཀྱི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུ་འཚོལ་ཞིབ་བྱེད་དགོས་པ་དང་། གཉིས་ནས་དྲང་བདེན་གསར་གཏོད་མཐའ་འཁྱོངས་ཀྱིས་གསོ་རིག་དེང་རབས་ཅན་གྱི་སྤྱིར་བཏང་ཆོས་ཉིད་ལ་བརྩི་སྲུང་ཞུས་ནས། སྲོལ་རྒྱུན་གྱི་གསོ་རིག་དང་དེང་རབས་ཀྱི་ཚན་རིག་ཟུང་འབྲེལ་དང་ཕན་ཚུན་སྐུལ་འདེད་གཏོང་དགོས་པ། གསུམ་ནི་ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་ཉམས་མྱོང་མཉམ་སྤྱོད་དང་སྲིད་ཇུས་འབྲེལ་གཏུག་ལ་ཤུགས་བསྣན་ནས། སྲོལ་རྒྱུན་གྱི་གསོ་རིག་དང་སྨན་རྫས་སྤེལ་རེས་མཉམ་ལས་དང་ཐུན་མོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས་པ་བཅས་ཡིན།
འཛམ་གླིང་འཕྲོད་བསྟེན་རྩ་འཛུགས་ཀྱི་སྤྱི་ཁྱབ་ཀན་ཧྲི་ཐན་ཏེ་སའེ་ཡིས་བརྙན་ལམ་ཐོག་ནས་ཤིས་ཚིག་གསུངས་པ་རེད། ཀྲུང་གོ་དང་ཕྱི་རྒྱལ་སྲིད་གཞུང་གི་དཔོན་རིགས་དང་། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འགན་འཁུར་བ། ཆེད་མཁས་པ་དང་མཁས་དབང་བཅས་དང་། དེ་བཞིན་སྨན་བཅོས་སྒྲིག་གཞིའི་འཐུས་མི་མགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba