《གློག་འཕྲིན་དྲ་རྒྱའི་གཡོ་སླུ་དང་དེ་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་ཐབས》ཟླ12པའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

2024-11-29
261

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སྤྱི་བདེ་པུའུ་ཡིས་ཟླ11པའི་ཚེས26ཉིན་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས། སྤྱི་བདེ་པུའུ་ཡིས་རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཀྲུང་གོ་མི་དམངས་དངུལ་ཁང་བཅས་དང་མཉམ་དུ《གློག་འཕྲིན་དྲ་རྒྱའི་གཡོ་སླུ་དང་དེ་དང་འབྲེལ་བའི་ཁྲིམས་འགལ་ཉེས་གསོག་གི་མཉམ་འབྲེལ་ཆད་གཅོད་བསླབ་འདོམས་བྱ་ཐབས》པར་འགྲེམས་བྱས་པ་དང་། 2024ལོའི་ཟླ12པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་བྱས།

ཆད་གཅོད་བསླབ་འདོམས་བྱ་ཡུལ་ནི། གློག་འཕྲིན་དང་དྲ་རྒྱའི་གཡོ་སླུ་དང་དེ་བཞིན་འབྲེལ་ཡོད་ཉེས་གསོག་ལ་བརྟེན་ནས་ཉེས་དོན་འགན་འཁྲི་བདའ་འདེད་བཏང་བའི་མི་དང་། ཁ་པར་གཱ་དང་། ཟོག་འབྲེལ་དྲ་རྒྱའི་གཱ གཏན་འཇགས་ཁ་པར། གློག་འཕྲིན་སྐུད་ལམ། འཕྲིན་ཐུང་གི་སྤྱོད་སྣེ། དངུལ་ཁང་གི་རྩིས་ཁྲ། གཏོང་སྤྲོད་རྩིས་ཁྲ། གྲངས་གཞིའི་མི་དམངས་ཤོག་སྒོར་གྱི་དངུལ་ཁུག དྲ་སྦྲེལ་རྩིས་ཁྲའི་ཨང་རྟགས་སོགས་ཁྲིམས་འགལ་ངང་ཉོ་ཚོང་དང་། བོགས་གཏོང་། གཞན་ལ་གཡོར་བསྐྱི་བཅས་བྱེད་མཁན་གྱི་ཚན་པ་དང་མི་སྒེར་ནམ་ཡང་ན་འབྲེལ་ཡོད་སྒྲིག་འཛུགས་པ་བཅས་ཡིན་པ་རེད།

ཆད་གཅོད་བསླབ་འདོམས་བྱེད་ཐབས་ནི། དངུལ་རྩའི་ཆད་གཅོད་བསླབ་འདོམས་དང་། གློག་འཕྲིན་དང་དྲ་རྒྱའི་ཆད་གཅོད་བསླབ་འདོམས། ཡིད་རྟོན་ཆད་གཅོད་བསླབ་འདོམས་སོགས་ཀྱི་ཆད་གཅོད་བསླབ་འདོམས་བྱེད་ཐབས་ཕྱོགས་བསྡུས་ཐོག་སྤྱོད་པ་དང་། དུས་མཚུངས་སུ་ཆད་གཅོད་བསླབ་འདོམས་བྱ་ཡུལ་གྱི་གཞི་རྩའི་དངུལ་རྩ་དང་འཕྲིན་གཏོང་ཞབས་ཞུ་སོར་འཇོག་བྱས་ནས་ཁོ་ཚོའི་གཞི་རྩའི་འཚོ་བའི་དགོས་མཁོ་སྐོང་བར་འགན་ལེན་བྱེད་དགོས།

ཆད་གཅོད་བསླབ་འདོམས་ཀྱི་དུས་ཚད་ནི། ཆད་གཅོད་བསླབ་འདོམས་བྱ་ཡུལ་མི་འདྲ་བར་ཆད་གཅོད་བསླབ་འདོམས་ལོ་གཉིས་སམ་ཡང་ན་ལོ་གསུམ་གྱི་དུས་བཀག་བཟོ་བ་དང་། ཆད་གཅོད་བསླབ་འདོམས་ཀྱི་དུས་བཀག་ནང་ཆད་གཅོད་བསླབ་འདོམས་ཀྱི་མིང་ཐོའི་ནང་ཐེངས་མང་བཅུག་པར་ཆད་གཅོད་བསླབ་འདོམས་ཀྱི་དུས་བཀག་བསྟུད་མར་ལོ5ལས་བརྒལ་མི་ཆོག 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  

  • 顶