ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2024ལོའི་ཀྲུང་གོའི་གཞུང་ལམ་ལྕགས་རྟ་ལས་རིགས་ཀྱི་མཉམ་འབྲེལ་འགྲན་བསྡུར་དང་ཡུན་ནན་བསྐོར་བའི་གཞུང་ལམ་ལྕགས་རྟ་འགྲན་བསྡུར་དེ་ཟླ12པའི་ཚེས1ཉིན་ནས་ཚེས7ཉིན་བར་གཉེར་རྒྱུ་ཡིན་ཞིང་། འགྲན་བསྡུར་ལ་ཏ་ལི་དང་། ཁྲུའུ་ཞུང་། ཡུས་ཞིས། ཁུན་མིང་བཅས་ས་ཚིགས་བཞི་ཚུད་ཡོད་པ་དང་། རྩེར་སོན་ལྕགས་རྟ་རུ་ཁག20ཡི་ཆེད་ལས་ལུས་རྩལ་པ160ཞུགས་ཡོད།
གསར་འགོད་པས་ཚེས19ཉིན་གྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་གསལ་ལྟར་ན། ད་ཐེངས་ཀྱི་འགྲན་བསྡུར་དེ་ཡུན་ནན་གྱི་གྲོང་ཁྱེར་བཞི་བརྒྱུད་དགོས་པ་དང་། བསྡོམས་པས་འགྲན་མཚམས་བཞི་ཡོད་ལ། སྤྱིའི་ལམ་ཐག་སྤྱི་ལེ1031.1དང་། འགྲན་བསྡུར་ལམ་ཐག་སྤྱི་ལེ618.1ཡོད་ཅིང་། འགྲན་ལམ་ཐོག“འགྲན་ར་ནི་མཛེས་ལྗོངས་ཁུལ་དང་འགྲན་བསྡུར་ནི་ཡུལ་སྐོར་ཡིན་པའི”ཁྱད་ཆོས་མངོན་ཡོད། དེའི་ནང་ཏ་ལི་འགྲན་ཚུགས་ཀྱི་འགྲན་མཚམས་སུ་སྤྱི་ལེ122ཡོད་པ་དང་། གྱེན་འཛེགས་མཐོ་ཚད་སྨི564ཟིན་ལ། ཨེར་ཧའེ་མཚོར་དམིགས་ཏེ་ཏ་ལི་གནའ་གྲོང་དང་། ཞིས་ཀྲོའུ་གནའ་གྲོང་། ཧྲོང་ལང་གནའ་གྲོང་བཅས་བརྒྱུད་ཡོད། ཁྲུའུ་ཞུང་འགྲན་ཚུགས་ཀྱི་འགྲན་མཚམས་སུ་སྤྱི་ལེ192.2ཡོད་པ་དང་། གྱེན་འཛེགས་མཐོ་ཚད་སྨི2513ཡོད། ཡུས་ཞིས་འགྲན་ཚུགས་ཀྱི་འགྲན་མཚམས་སུ་སྤྱི་ལེ195ཡོད་པ་དང་། གྱེན་འཛེག་མཐོ་ཚད་སྨི1363ཟིན་ནས་རང་རྒྱལ་གྱི་མིང་དུ་གྲགས་པའི་ཆུ་ཟབ་ཅན་གྱི་མཚེའུ་སྟེ་ཧྥུ་ཤན་མཚེའུ་བསྐོར་ནས་བརྒྱུད་དགོས། ཁུན་མིང་འགྲན་ཚུགས་ཀྱི་འགྲན་མཚམས་སུ་སྤྱི་ལེ108.9ཡོད་པ་དང་། གྱེན་འཛེག་མཐོ་ཚད་སྨི571ཟིན་ཞིང་། གཙོ་བོ་ཏན་ཁྲི་མཚེའུ་བསྐོར་བ་དང་། འགྲན་མཚམས་འདི་ནི2024ལོའི་ཀྲུང་གོའི་གཞུང་ལམ་ལྕགས་རྟ་ལས་རིགས་མཉམ་འབྲེལ་འགྲན་བསྡུར་གྱི་རྟིང་རྩོད་འགྲན་བསྡུར་ཡང་ཡིན།
འགྲན་བསྡུར་གྱི་ས་ཚིགས་མཐའ་མ་ཁུན་མིང་འགྲན་མཚམས་སུ་ད་དུང་ལྕགས་རྟ་བཞོན་རྒྱུར་དགའ་པོ་བྱེད་མཁན་ལ་ཕྱོགས་པའི་ཏེན་ཁྲི་མཚེའུ་བསྐོར་བའི་ས་མཐོའི་ལྕགས་རྟ་གདན་ཞུའི་འགྲན་བསྡུར་གཉེར་རྒྱུ་ཡིན་པ་རེད། སྐབས་དེར་ཆེད་ལས་ལྕགས་རྟ་པ་དང་ལས་ཞོར་ལྕགས་རྟ་པ་མཉམ་དུ་འགྲན་རྒྱུ་རེད།
ཡུན་ནན་ཞིང་ཆེན་ལུས་རྩལ་ཅུའུ་ཡི་ཅུའུ་ཀྲང་དབྱང་ཀྲུང་ཧྭ་ཡིས་བཤད་རྒྱུར། 2024ལོའི་ཡུན་ནན་བསྐོར་བའི་ལྕགས་རྟ་འགྲན་བསྡུར་ནི་ཡུན་ནན་གྱིས་གཙོ་གནད་ཐོག་གཏོད་པའི་རྒྱལ་ནང་གི་ཆུ་ཚད་མཐོ་བའི་སྤུས་རྟགས་འགྲན་བསྡུར་ཞིག་ཡིན་པ་དང་། མ་འོངས་པར“ཡུན་ནན་བསྐོར་བའི”འགྲན་བསྡུར་དེ་རྒྱལ་སྤྱིའི་གྲགས་ཅན་ཚོང་རྟགས་སུ་འགྱུར་བར་བརྩོན་ལེན་བྱ་རྒྱུ་ཡིན་ཟེར།
ད་ཐེངས་ཀྱི་འགྲན་བསྡུར་ནི་ཀྲུང་གོ་ལྕགས་རྟ་ལུས་རྩལ་མཐུན་ཚོགས་དང་། ཡུན་ནན་ཞིང་ཆེན་ལུས་རྩལ་ཅུའུ། ཏ་ལི་པའེ་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཁྲུའུ་ཞུང་དབྱིས་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་། ཡུས་ཞིས་གྲོང་ཁྱེར་མི་དམངས་སྲིད་གཞུང་། ཁུན་མིང་གྲོང་ཁྱེར་མི་དམངས་སྲིད་གཞུང་བཅས་ཀྱིས་གཙོ་གཉེར་བྱ་རྒྱུ་རེད།
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba