ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན་ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐའེ་ཝན་ལས་དོན་གཞུང་དོན་ཁང་གིས་ཅང་སུའུ་ཞིང་ཆེན་སུའུ་ཀྲོའུ་གྲོང་ཁྱེར་དུ་ཐའེ་ཝན་གྱི་ཚོང་པའི་བཞུགས་མོལ་ཚོགས་འདུ་འཚོགས་ཤིང་། ཐའེ་ཝན་བཟོ་ཚོང་ཚོགས་པ་དང་སྐམ་ས་ཆེ་མོའི་ཐའེ་ཝན་ཚོང་པའི་འཐུས་མི་བརྒྱ་ཙམ་བཞུགས་མོལ་དང་སྤེལ་རེས་ནང་ཞུགས་ཡོད།
ཀྲུང་གུང་ཀྲུང་དབྱང་ཐའེ་ཝན་ལས་དོན་གཞུང་དོན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གི་ཀྲུའུ་རེན་སུང་ཐའོ་ཡིས་བཞུགས་མོལ་ཚོགས་འདུའི་ཐོག་བསྟན་དོན། ཀྲུང་གུང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་ཐོག་དུས་རབས་གསར་པར་བཅོས་སྒྱུར་སྔར་བས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བ་དང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ཐད་ཚན་རིག་དང་མཐུན་པའི་བཀོད་སྒྲིག་དང་འཐབ་ཇུས་བཀོད་སྒྲིག་བྱས་པ་དེས་ཐའེ་ཝན་གྱི་ཚོང་པ་དང་ཐའེ་ཝན་སྤུན་ཟླ་སྐམ་ས་ཆེན་མོར་འཕེལ་རྒྱས་འགྲོ་བར་གོ་སྐབས་གསར་པ་དང་ཡངས་ཤིང་རྒྱ་ཆེ་བའི་བར་མཐོངས་མཁོ་འདོན་ཐུབ་རྒྱུ་རེད། སྐམ་ས་ཆེན་མོའི་དཔལ་འབྱོར་བརྟན་རླིང་ངང་ཡུན་རིང་འཕེལ་རྒྱས་འགྲོ་བ་དང་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བ་ནི་རྒྱ་ཆེའི་ཐའེ་ཝན་གྱི་ཚོང་པ་དང་ཐའེ་ཝན་སྤུན་ཟླ་ཚོའི་འཕེལ་རྒྱས་བྱ་གཞག་གི་གདམ་ག་ཡག་ཤོས་ཤིག་རེད། ང་ཚོས་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱས་ཏེ། ངོགས་གཉིས་ཀྱི་དཔལ་འབྱོར་དང་རིག་གནས་སྤེལ་རེས་ཀྱི་མཉམ་ལས་ལམ་ལུགས་དང་སྲིད་ཇུས་འཐུས་ཚང་འགྲོ་བར་སྐུལ་འདེད་གཏོང་བ་དང་། ངོགས་གཉིས་ཀྱི་མཉམ་འདྲེས་འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ། ཐའེ་ཝན་གྱི་ཚོང་པ་དང་ཐའེ་ཝན་སྤུན་ཟླས་ཐོན་སྐྱེད་ནུས་ཤུགས་གསར་པ་འཕེལ་རྒྱས་གཏོང་བ། འཕེལ་རྒྱས་ཀྱི་རྣམ་པ་གསར་པའི་ནང་འདྲེས་པར་རོགས་སྐྱོར་བཅས་བྱ་རྒྱུ་ཡིན། རྒྱ་ཆེའི་ཐའེ་ཝན་གྱི་ཚོང་པ་དང་ཐའེ་ཝན་སྤུན་ཟླས་མི་རིགས་ཀྱི་བདེན་དོན་བརྟན་སྲུང་བྱེད་པ་དང་། ཀྲུང་གོ་གཅིག་གི་རྩ་དོན་མཚོན་པའི“གོ་གཉིས་ལོའི་ཐུན་མོང་ངོས་འཛིན”མཐའ་འཁྱོངས་བྱེད་པ། དར་ཆ་གསལ་སྟོན་གྱི་སྒོ་ནས“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་དང་ཕྱི་ཕྱོགས་སྟོབས་ཤུགས་ཀྱི་ཐེ་གཏོགས་ལ་ངོ་རྒོལ་བྱེད་པ། ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ནང་ཧུར་ཐག་སྒོས་ཞུགས་པ་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་དཔང་པོ་དང་། འཛུགས་སྐྲུན་པ། ཕན་ཁེ་ཐོབ་མཁན་བཅས་སུ་འགྱུར་བར་བྱས་ཏེ། ཀྲུང་ཧྭ་མི་རིགས་ཀྱི་དཔལ་འབྱོར་ཐུན་མོང་ཐོག་སྟོབས་ཆེར་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་གྱི་མཛེས་སྡུག་ལྡན་པའི་འབྱུང་འགྱུར་ཐུན་མོང་ཐོག་གཏོད་རྒྱུའི་རེ་བ་ཡོད།
ཚོགས་འདུར་ཞུགས་པའི་ཐའེ་ཝན་གྱི་བཟོ་ཚོང་ཚོགས་པ་དང་། ཐའེ་ཝན་གྱི་ཁེ་ལས། སྐམ་ས་ཆེན་མོར་ལས་གཏོད་བྱེད་པའི་ཐའེ་ཝན་གྱི་གཞོན་ནུ་བཅས་ཀྱི་འཐུས་མི་བཅས་ཀྱིས་གཏམ་བཤད་གནང་སྐབས། སྐམ་ས་ཆེན་མོའི་དཔལ་འབྱོར་འཕེལ་རྒྱས་ཀྱི་མདུན་ལམ་འོད་སྟོང་ལྡན་པ་དང་། སྐམ་ས་ཆེན་མོར་གཞི་ཚུགས་ནས་འཕེལ་རྒྱས་གཏོང་རྒྱུར་ཁོ་ཚོར་ཡིད་ཆེས་ཀྱིས་ཁེངས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་བའི་ལོ་རྒྱུས་ཀྱི་གོ་སྐབས་དམ་འཛིན་བྱས་ཏེ། ངོགས་གཉིས་ཀྱི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གི་མཉམ་ལས་དང་མཉམ་འདྲེས་འཕེལ་རྒྱས་ནང་ཧུར་ཐག་སྒོས་ཞུགས་པ་དང་། འཕེལ་རྒྱས་ཀྱི་རྣམ་པ་གསར་པར་ཞུགས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་མངོན་འགྱུར་བྱ་རྒྱུ་ཡིན། ཞི་བདེ་དང་། འཕེལ་རྒྱས། སྤེལ་རེས། མཉམ་ལས་བཅས་ནི་ངོགས་གཉིས་ཀྱི་སྤུན་ཟླའི་ཐུན་མོང་གི་བསམ་འདུན་ཡིན། ཐའེ་ཝན་སྤུན་ཟླ་དང་ཐའེ་ཝན་གྱི་ཁེ་ལས་ཀྱིས་ངོགས་གཉིས་ཀྱི་སྤེལ་རེས་མཉམ་ལས་ལ་སྐུལ་འདེད་དང་། “ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་ལ་ངོ་རྒོལ། ངོགས་གཉིས་ཀྱི་འབྲེལ་བ་ཞི་བའི་འཕེལ་རྒྱས་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེའི་བསྐྱར་དར་མངོན་འགྱུར་བཅས་ཀྱི་ཐད་ལེགས་སྐྱེས་གསར་པ་འབུལ་འདོད་ཡོད་པར་བསྟན། ཚོགས་འདུར་ཞུགས་པའི་ཐའེ་ཝན་གྱི་ཚོང་པ་དང་ཐའེ་ཝན་གཞོན་ནུ་པ་ཚོས་ད་དུང་ངོགས་གཉིས་ཀྱི་བཟོ་ཚོང་ཚོགས་པའི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ་དང་ཐའེ་ཝན་གྱི་གཞོན་ནུ་སྐམ་ས་ཆེན་མོར་ལས་ཞུགས་ལས་གཏོད་བྱེད་པར་རྒྱབ་སྐྱོར་བྱ་རྒྱུ་སོགས་ཀྱི་ཐད་གྲོས་གཞི་བཏོན།
འབྲེལ་ཡོད་པུའུ་ཨུ་དང་ཅང་སུའུ་ཞིང་ཆེན་གྱི་འབྲེལ་ཡོད་འགན་འཁུར་བ་བཞུགས་མོལ་ཚོགས་འདུར་ཞུགས་ཡོད་པ་རེད། བཞུགས་མོལ་ཚོགས་འདུ་འཚོགས་རྗེས། ཚོགས་ཞུགས་ཐའེ་ཝན་གྱི་ཚོང་པའི་འཐུས་མི་དང་སྐམ་ས་ཆེན་མོའི་ཁེ་ལས་པས་མཐུན་འབྲེལ་བྱེད་སྒོ་སྤེལ་ནས་ཐུན་མོང་ཐོག་མཛའ་གྲོགས་དང་མཉམ་ལས་སྐོར་གླེང་།
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba