ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ11པའི་ཚེས20ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པ་ཞིའི་ལི་ཡུའེ་རུ་པ་ཞིའི་ཙུང་ཐུང་ལུའུ་ལ་ཡིས་གཉེར་བའི་དགའ་བསུའི་གསོལ་སྟོན་གཟབ་རྒྱས་ལ་ཞུགས་པ་རེད།
ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་ནས། ཙུང་ཐུང་ལུའུ་ལ་དང་པ་ཞི་མི་དམངས་ཀྱིས་སྤྲོ་སེམས་འཁོལ་བའི་སྣེ་ལེན་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་། ཙུང་ཐུང་ལུའུ་ལ་ཡི་་གོ་ཁྲིད་འོག་པ་ཞི་ལ་འཕེལ་རྒྱས་ཀྱི་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་པར་རྟེན་འབྲེལ་ཞུས་པ་རེད། ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་པ་ཞི་གཉིས་ནི་རྒྱ་མཚོ་ཆེན་པོས་ཆོད་ཀྱང་དེས་ཕན་ཚུན་རྒྱུས་མངའ་ལོན་པ་དང་ཕན་ཚུན་བརྩེ་སེམས་ཟབ་མོ་ཡོང་བའི་གོམ་སྟབས་ལ་བཀག་འགོག་ཐུབ་མེད། ཀྲུང་པ་རྒྱལ་ཁབ་གཉིས་པོར་མངོན་གསལ་དོད་པའི་ཁྱད་ཆོས་ལྡན་ཡོད་ལ། ཕན་ཚུན་ཞི་མཐུན་མཉམ་འདྲེས་ཀྱང་བྱུང་ཡོད། སྒོ་འབྱེད་གསར་གཏོད་དང་སྣ་མང་གཞི་གཅིག་ནི་ང་ཚོ་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁྱད་ཆོས་དང་འཚོལ་སྙེག་ཡིན།
ཞི་ཅིན་ཕིང་གིས་བསྟན་དོན། ང་དང་ཙུང་ཐུང་ལུའུ་ལ་ཡིས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ངེས་གནས་དེ་ལག་གདང་སྦྲེལ་ནས་དེ་བས་གཞུང་དྲང་གི་འཛམ་གླིང་དང་དེ་བས་རྒྱུན་མཐུད་ཐུབ་པའི་གོ་ལ་ཧྲིལ་པོའི་ཀྲུང་པའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་རྒྱུའི་ཁྱབ་བསྒྲགས་བྱས་པ་མ་ཟད།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་གཞི་དང་པ་ཞི་འཕེལ་རྒྱས་ཀྱི་འཐབ་ཇུས་འབྲེལ་མཐུད་བྱེད་པའི་མཉམ་ལས་ཡིག་ཆར་མིང་རྟགས་འགོད་པའི་དཔང་པོ་ཡང་བྱས་པ་ཡིན། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་དུས་དེ་ནས་བཟུང་འཕུར་མཆོང་གསར་པ་བྱུང་བ་དང་། དེར་དུས་རབས་ཀྱི་ནང་དོན་གསར་པ་བསྣན་ཏེ། སྐྱེ་སྟོབས་འགྲན་ཟླ་བྲལ་བ་དང་མདུན་ལྗོངས་རྒྱ་ཆེན་པོ་མངོན་ཡོད། འདས་སོང་ལ་ཕྱིར་མིག་བལྟ་སྐབས། ང་ཚོ་ཀྲུང་གོ་དང་པ་ཞིའི་འབྲེལ་བར་ཐོབ་པའི་གྲུབ་འབྲས་ལ་སྤོབས་སེམས་སྐྱེས་ཆོག་ཆོག་ཡིན། འབྱུང་འགྱུར་ལ་རྒྱང་བལྟ་བྱེད་སྐབས། ང་ཚོར་ཀྲུང་པའི་འབྲེལ་བའི་འོད་ཟེར་ལྡན་པའི་མདུན་ལམ་ལ་རེ་སྒུག་ཆེན་པོ་བྱེད་པའི་ཡིད་ཆེས་ཡོད། མགོ་འཛུགས་ས་གསར་པའི་ཐོག་ཀྲུང་གོ་ཕྱོགས་ཀྱིས་པ་ཞི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱེད་པ་དང་། འབད་བརྩོན་ལྷོད་མེད་བཅས་བྱས་ཏེ། ལག་གདང་སྦྲེལ་ནས་ཀྲུང་གོ་དང་པ་ཞིའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ནས། ཀྲུང་གོ་དང་པ་ཞིའི་འབྲེལ་བའི“རྫོགས་ལྡན་ལོ་ངོ50”གཏོད་འདོད་ཡོད།
ལུའུ་ལ་ཡིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ང་ནི་སའི་གོ་ལའི་ཕྱེད་ཤར་མ་དང་ནུབ་མའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཆེ་ཤོས་གཉིས་ཀྱི་མགོ་ཁྲིད་པ་ཡིན། ང་ཚོ་ཚང་མས་དམངས་ཁྲོད་ཀྱི་དཀའ་སྡུག་གསལ་རྟོགས་བྱུང་ནས། དམངས་འཚོ་ལེགས་བཅོས་གཏོང་བ་དང་དབུལ་ཐར་ལ་གཞོལ་བཞིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་མགོ་ཁྲིད་གནང་ནས་ཐོབ་པའི་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་པ་ཞི་ཕྱོགས་ཀྱིས་ཚད་མཐོའི་བརྩི་འཇོག་དང་ཡིད་སྨོན་བྱེད་ཀྱིན་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ལ་ཕན་བདེ་སྐྲུན་པ་དང་། སྤྱི་ཚོགས་ཀྱི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་བྱེད་པ། ཞི་བདེ་ཡིན་པ་ལས་དམག་འཁྲུག་མིན་པ་དང་། མཉམ་ལས་བྱེད་པ་ལས་འགྲན་རྒོལ་མི་བྱེད་པ། གསར་གཏོད་བྱེད་པ་ལས་གཏོར་བཤིག་མིན་པ་བཅས་དར་སྤེལ་བཏང་ནས་འཛམ་གླིང་ལ་མིག་དཔེ་བསྟན་ཡོད། ཕྱི་འབྲེལ་གྱི་འབྲེལ་བ་བཙུགས་ནས་དུས་རབས་ཕྱེད་ཀའི་རིང་། པ་ཀྲུང་འབྲེལ་བ་དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱི་མཐུན་སྒྲིལ་མཉམ་ལས་དང་གཉིས་ཁེ་གཉིས་ཕན་གྱི་དཔེ་མཚོན་ཞིག་ཏུ་གྱུར་ཡོད། པ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་བྱུང་བ་དེས་རྒྱལ་ཁབ་གཉིས་ཀྱི་ཐུན་མོང་དར་རྒྱས་ལ་སྐུལ་འདེད་ཐོབ་ནས། འཛམ་གླིང་ལ་ང་ཚོས་རང་ཉིད་ཀྱི་འགྲོ་ལམ་བརྒྱུད་འཕེལ་རྒྱས་གོང་སྤེལ་དང་དྲང་གཞག་དྲང་བདེན་མངོན་འགྱུར་ཐུབ་པ་ར་སྤྲོད་ཐུབ་རྒྱུ་ཡིན། པ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་མང་རིང་ལུགས་མཐའ་འཁྱོངས་དང་ཞི་བའི་སྒོ་ནས་རྩོད་གཞི་ཐག་གཅོད་བྱ་རྒྱུ་དར་སྤེལ་བཏང་སྟེ། པ་ཀྲུང་ལག་གདང་སྦྲེལ་བ་དེས་གལ་འགངས་ཆེ་ལ་རྒྱང་རིང་གཏིང་ཟབ་ཀྱི་འཛམ་གླིང་གི་ཤུགས་རྐྱེན་ཐོན་ངེས་རེད། པ་ཞི་ཕྱོགས་ཀྱིས་ཀྲུང་གོ་དང་མཉམ་ལས་དམ་ཟབ་བྱས་ནས་པ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད།
ཚའེ་ཆི་དང་ཝང་དབྱི་སོགས་ཞུགས་ཡོད།
ཡོང་ཁུངས། : ཞིན་ཧྭ་དྲ་བ། རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།
འཕྲིན་སྟེགས། weikangba