ལི་ཆང་གིས་དབྱི་ཐ་ལིའི་ཙུང་ཐུང་ལ་ཐུག་འཕྲད་གནང་བ།

2024-11-11
456

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱ་ལ་ཐུག་འཕྲད་གནང་།

ཟླ11པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ཐ་ལིའི་ཙུང་ཐུང་མཱ་ཐ་ལེ་ལཱ་ལ་ཐུག་འཕྲད་གནང་།

ལི་ཆང་གིས་བསྟན་དོན། མིག་སྔར་ཀྲུང་དབྱིའི་འབྲེལ་བ་སྐྱོན་བྲལ་དང་བརྟན་རླིང་ངང་འཕེལ་རྒྱས་འགྲོ་བ་རྒྱུན་འཁྱོངས་ཐུབ་པ་དང་། ཁྱབ་ཁོངས་ཁག་གི་སྤེལ་རེས་མཉམ་ལས་ཉིན་རེ་བཞིན་གཏིང་ཟབ་ཏུ་ཕྱིན་ནས་དངོས་སྒྲུབ་ཀྱི་གྲུབ་འབྲས་གསར་པ་རྒྱུན་ཆད་མེད་པར་ཐོབ་ཡོད། ཁ་སང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐུ་ཞབས་ཙུང་ཐུང་དང་གྲོས་མོལ་གནང་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ཡུན་རིང་འཕེལ་རྒྱས་དང་འབྲེལ་བ་ཡོད་པའི་གནད་དོན་གལ་ཆེན་ཐད་གྲོས་བསྡུར་གཏིང་ཟབ་གནང་། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱིས་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་བཙུགས་ནས་ལོ་འཁོར20ལོན་པ་གོ་སྐབས་སུ་བྱས་ཏེ། སྲོལ་རྒྱུན་གྱི་མཛའ་གྲོགས་རྒྱུན་མཐུད་ངང་དར་སྤེལ་གཏོང་བ་དང་། ཕྱོགས་ཡོངས་ཀྱི་གཉིས་ཁེ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས་ཕྱོགས་གཉིས་ཀྱི་འབྲེལ་བ་རྒྱུན་ཆད་མེད་པར་ཆུ་ཚད་དེ་བས་མཐོ་བའི་ཐོག་སླེབས་པར་སྐུལ་འདེད་གཏོང་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་ཀྱི་སྒོ་དབྱེར་སྐུལ་འདེད་གཏོང་རྒྱུ་མཐའ་འཁྱོངས་བྱེད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཚོང་དོན་མ་འཇོག་སྟབས་བདེ་ཅན་གྱི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་བ། ཁེ་ལས་འབྲིང་ཆུང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་ཇེ་ཆེ་དང་གཏིང་ཇེ་ཟབ་དུ་གཏོང་བ། གསར་གཏོད་དང་ལྗང་མདོག་ཁྱབ་ཁོངས་ཀྱི་མཉམ་ལས་འཕར་གཞི་གསར་པ་གཏོད་པ་བཅས་བྱས་ཏེ། གཉིས་ཁེ་གཉིས་ཕན་དེ་བས་ལེགས་པོ་ཡོང་བར་བྱས་ནས། འཕེལ་རྒྱས་དང་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད། དབྱི་ཐ་ལི་ཕྱོགས་ཀྱི་ཁེ་ལས་དེ་བས་མང་པོ་ཀྲུང་གོར་མ་འཇོག་ལས་གཏོད་བྱེད་པར་ཡོང་བར་ཀྲུང་གོ་ཕྱོགས་ཀྱིས་དགའ་བསུ་ཞུ་རྒྱུ་དང་། དབྱི་ཐ་ལི་ཕྱོགས་ཀྱིས་དབྱི་ཐ་ལིར་བསྐྱོད་པའི་ཀྲུང་གོའི་ཁེ་ལས་ལ་དྲང་གཞག་དང་། བདེ་འཇགས། མཐོང་ཆུང་མེད་པ་བཅས་ཀྱི་ཚོང་གཉེར་ཁོར་ཡུག་གཏོད་རྒྱུའི་རེ་བ་ཡོད། ཕྱོགས་གཉིས་ཀྱིས་ཀྲུང་གོ་དང་དབྱི་ཐ་ལིའི་རིག་གནས་མཉམ་ལས་ལམ་སྲོལ་གྱི་ཚོགས་འདུའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱེད་པ་དང་། རིག་གནས་ཡུལ་སྐོར་དང་སྨྱན་སྦྱོར། སློབ་གསོ། ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་བཏང་ནས། དམངས་སེམས་གཅིག་མཐུན་ཡོང་བར་སྔར་བས་སྐུལ་འདེད་གཏོང་དགོས། ཀྲུང་གོ་ཕྱོགས་ཀྱིས་དབྱི་ཐ་ལི་ཕྱོགས་དང་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་ཡོ་རོབ་དབར་གྱི་འབྲེལ་བ་སྐྱོན་བྲལ་དང་བརྟན་རླིང་ངང་འཕེལ་རྒྱས་འགྲོ་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།

མཱ་ཐ་ལེ་ལཱ་ཡིས་བསྟན་དོན། དབྱི་ཐ་ལི་དང་ཀྲུང་གོར་མཉམ་ལས་ཀྱི་མདུན་ལམ་ཆེན་པོ་ཡོད། དབྱི་ཐ་ལི་ཕྱོགས་ཀྱིས་ཀྲུང་གོའི་བར་གྱི་ཚོང་དོན་དང་དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་དངོས་སྒྲུབ་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་དང་། མི་གཞུང་བརྗེ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་བསྣན་ཏེ་རྒྱལ་ཁབ་གཉིས་ཀྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་རེས་འབྲེལ་བ་རྒྱུན་མཐུད་དང་གཏིང་ཟབ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད་ལ། དབྱི་ཐ་ལི་ཕྱོགས་ཀྱིས་ཡོ་རོབ་དང་ཀྲུང་གོའི་འབྲེལ་བ་བརྟན་པོའི་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་འདོད་ཡོད།

ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས། །


  • 顶