ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་ཟླ11པའི་ཚེས8ཉིན་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚའེ་ཆི་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་།

ཟླ11པའི་ཚེས8ཉིན། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་སྐབས་ཉི་ཤུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་པེ་ཅིན་དུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཚའེ་ཆི་གྲོས་ཚོགས་ལ་ཞུགས་པ་མ་ཟད་གཏམ་བཤད་གནང་།
གྲོས་ཚོགས་ཀྱིས་བསྟན་དོན། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པས་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བར་སྤྱིའི་ཆ་ནས་བཀོད་སྒྲིག་གང་ལེགས་བྱས་ཡོད་ཅིང་། ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་གྲོང་ཁྱེར་གྱི་འཆར་འགོད་དང་འཛུགས་སྐྲུན་བཅོས་སྐྱོང་སོགས་ཀྱི་ཐད་ནས་བཅོས་སྒྱུར་གྱི་བྱེད་ཐབས་རབ་དང་རིམ་པ་དངོས་སུ་བཏོན་ནས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཐད་སྔར་ལས་མཐོ་བའི་བླང་བྱ་གསར་པ་བཏོན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཐད་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་མཐར་ཕྱིན་དང་ལག་བསྟར་ནན་མོ་བྱས་ཏེ། ལས་འགན་སྒྲུབ་སེམས་དང་འགན་འཁྲི་ཁུར་སེམས་སྔར་ལས་ཆེ་རུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དེ་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱ་སྤྱོད་དངོས་སུ་འགྱུར་ཐུབ་པར་བྱས་ནས་ཕན་འབྲས་རྣལ་མ་གང་མང་ཐོབ་པར་བྱེད་དགོས།
གྲོས་ཚོགས་ཐོག་ནན་གྱིས་བསྟན་དོན། རྒྱལ་སའི་གྲོང་ཁྱེར་གྱི་འཐབ་ཇུས་ངེས་གནས་ལ་དམ་པོར་དམིགས་རྒྱུ་དང་། “ལྟེ་གནས་བཞིའི”ནུས་པའི་འཛུགས་སྐྲུན་ལ་ཤུགས་བསྣན་ནས། ཀྲུང་དབྱང་གི་སྲིད་དོན་ཁོར་ཡུག་སྔར་ལས་ཇེ་ལེགས་སུ་གཏོང་དགོས། གྲོང་ཁྱེར་གྱི་བརྟག་དཔྱད་སྙན་ཞུ་ཡག་པོ་སྤྱོད་པ་དང་ཤེས་རྟོགས་བྱུང་བའི་གནད་དོན་ལ་དམ་པོར་དམིགས་ནས། བརྒྱུད་རིམ་ལྡན་པའི་ངང་ཐབས་ཇུས་ལག་བསྟར་དང་ཞན་ཆ་གསབ་ནས། གྲོང་ཁྱེར་གྱི་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པའི་དེང་རབས་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏོང་དགོས། གྲོང་ཁྱེར་རྙིང་པའི་སྤྱིའི་སྲུང་སྐྱོབ་ལ་ཤུགས་སྣོན་པ་དང་། དཀྱིལ་འཁོར་གྱི་ཤུལ་བཞག་རེ་ཞུའི་གྲུབ་འབྲས་བེད་སྤྱོད་གང་ལེགས་བྱས་ཏེ། རིག་དངོས་གཙོ་གྲས་ཕྱིར་སྤྲོད་དང་སྲུང་སྐྱོབ། བེད་སྤྱོད་བཅས་ཀྱི་ལས་དོན་དམ་འཛིན་ཡག་པོ་བྱེད་དགོས། གྲོང་ཁྱེར་གསར་སྒྱུར་ལ་སྐུལ་འདེད་ཟབ་མོ་གཏོང་བ་དང་གཞིས་ཁུལ་རྙིང་གྲས་བསྒྱུར་བཀོད་དང་ཁང་ལེབ་བཅོས་སྐྱོང་གང་མགྱོགས་གཏོང་དགོས། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་མུ་མཐུད་དུ་དམ་འཛིན་གང་ལེགས་བྱེད་དགོས། གཏུག་བཤེར་དང་ལེན་འཕྲལ་སྒྲུབ་བཅོས་སྒྱུར་ཟབ་སྤེལ་གཏོང་བ་དང་། མང་ཚོགས་ཀྱི་བྲེལ་དཀའ་འཕྲལ་སྒུག་གི་གནད་དོན་ལེགས་གཉེར་བྱེད་པ། གྲོང་ཁྱེར་ཞིབ་ཚགས་ཅན་དུ་བཅོས་སྐྱོང་བྱེད་པར་སྐུལ་འདེད་བཅས་གཏོང་དགོས། དེང་རབས་ཅན་གྱི་རྒྱལ་སའི་གྲོང་ཁྱེར་མུ་ཁྱུད་ཀྱི་བར་སྟོང་མཐུན་སྦྱོར་འཆར་འགོད་དོན་འཁྱོལ་གང་ལེགས་བྱས་ནས། བློ་བརྟན་འགྱུར་མེད་ངང་རྒྱལ་སའི་ནུས་པ་མིན་པའི་ནུས་པ་འདོར་ལེན་བྱེད་རྒྱུ་དང་། ཞུང་ཨན་ཁུལ་གསར་འཛུགས་སྐྲུན་ལ་རྒྱབ་སྐྱོར་གང་ལེགས་བྱས་ཏེ། གྲོང་ཁྱེར་གྱི་ལྟེ་གནས་ཕལ་བ་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས། མ་མཐའི་མཚམས་ཐིག་གི་བསམ་བློ་འཛུགས་པ་དང་ཉེན་ཁ་ཚབས་ཆེན་ལ་ཁ་གཏད་འཇལ་བའི་ནུས་པ་ཆེ་རུ་བཏང་སྟེ། རྒྱལ་སའི་བདེ་འཇགས་དང་བརྟན་བརླིང་ལ་འགན་ལེན་བྱེད་དགོས།
གྲོས་ཚོགས་ཐོག་བླང་བྱ་བཏོན་དོན། ཕྱོགས་ཁག་གི་འགན་འཁྲི་གཟབ་ནན་དུ་བཏང་ནས་རྒྱལ་སའི་འཆར་འགོད་མཉམ་དུ་དོན་འཁྱོལ་བྱེད་དགོས། རྒྱལ་སའི་འཆར་འགོད་ཨུ་ལྷན་གྱིས་སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ། འགག་རྩའི་གནད་དོན་ལ་དམིགས་ནས་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། པེ་ཅིན་གྲོང་ཁྱེར་གྱིས་གཙོ་གཞིའི་འགན་འཁྲི་ཡག་པོ་བསྒྲུབས་ནས། རྣམ་གྲངས་གལ་ཆེན་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱེད་དགོས། ཁོངས་མིའི་ལས་ཁུངས་སོ་སོས་པེ་ཅིན་གྲོང་ཁྱེར་གྱི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་ཏེ་འཆར་འགོད་གཞིར་བཟུང་ལས་དོན་ནན་ཏན་གྱིས་སྒྲུབ་དགོས། རྒྱལ་སའི་འཆར་འགོད་ཨུ་ལྷན་གཞུང་ལས་ཁང་གིས་མཐུན་སྦྱོར་སྐུལ་སྒྲུབ་བྱེད་པར་ཤུགས་བསྣན་ནས་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བར་སྐུལ་འདེད་གཏོང་དགོས།
ཚོགས་འདུའི་ཐོག2023ལོའི་ལོ་འཁོར་གྱི་པེ་ཅིན་གྲོང་ཁྱེར་གྱི་སྤྱིའི་འཆར་འགོད་དང་། རྒྱལ་སའི་ནུས་པའི་ལྟེ་བའི་ཁུལ་གྱི་ཚོད་འཛིན་སྒྲིག་བཀོད། པེ་ཅིན་གྲོང་ཁྱེར་གྱི་ལྟེ་བའི་ཚོད་འཛིན་སྒྲིག་སྲོལ་བཅས་ལག་ལེན་བསྟར་ཚུལ་གྱི་སྙན་ཞུར་གསན་པ་དང་། དེང་རབས་ཅན་གྱི་རྒྱལ་སའི་གྲོང་ཁྱེར་ཁུལ་གྱི་བར་མཐོངས་མཐུན་སྦྱོར་འཆར་འགོད་ལ་གྲོས་ཞིབ་བྱས།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་དབྱི་ལི་ཡིས་ཚོགས་འདུར་མགོ་འཛིན་བྱས། རྒྱལ་སའི་འཆར་འགོད་འཛུགས་སྐྲུན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་དང་ཨུ་ཡོན་སོགས་ཚོགས་འདུར་ཞུགས། །
འཕྲིན་སྟེགས། weikangba