ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ11པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལཱ་པོ་ཝོ་ལ་ཐུག་འཕྲད་གནང་།

ཟླ11པའི་ཚེས9ཉིན་གྱི་སྔ་དྲོར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཧིན་རྡུ་ཉི་ཞི་ཡའི་ཙུང་ཐུང་ཕུའུ་ལཱ་པོ་ཝོ་ལ་ཐུག་འཕྲད་གནང་།
ལི་ཆང་གིས་བསྟན་དོན། ཕྱོགས་གཉིས་ཀྱི་ཐུན་མོང་འབད་བརྩོན་འོག ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་རྒྱུན་མཐུད་དང་བརྟན་རླིང་ངང་གཏིང་ཟབ་ཏུ་ཕྱིན་ནས་ཐུན་མོང་ཐོག་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་དུས་མཚམས་གསར་པར་སླེབས་པ་དང་། ཁྱབ་ཁོངས་ཁག་གི་གཉིས་ཕན་མཉམ་ལས་ཉིན་བཞིན་གཏིང་ཟབ་ཏུ་འགྲོ་བཞིན་ཡོད། དེ་རིང་ཕྱི་དྲོར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ཐུང་གཉིས་ཐུག་འཕྲད་གནང་ནས། ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་འབྲེལ་བ་འཕེལ་རྒྱས་འགྲོ་བར་འཆར་གཞི་གསར་པ་འདིང་རྒྱུ་རེད། ཀྲུང་གོ་ཕྱོགས་ཀྱིས་སྔ་ཕྱི་བར་གསུམ་དུ་ཧིན་རྡུ་ཉི་ཞི་ཡ་ཁྱིམ་མཚེས་ཡག་པོ་དང་རོགས་ཟླ་ཡག་པོར་བརྩིས་ཏེ། ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱེད་པ་དང་། སྲོལ་རྒྱུན་གྱི་མཛའ་གྲོགས་དར་སྤེལ་གཏོང་བ། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱ་ཤུགས་ཆེ་རུ་གཏོང་བ། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་བཅས་བྱས་ཏེ། རྒྱལ་ཁབ་གཉིས་ཀྱིས་ལག་གདང་སྦྲེལ་ནས་དེང་རབས་ཅན་གྱི་ལམ་བུའི་ཐོག་བསྐྱོད་རྒྱུར་འདེགས་སྐྱོར་བརྟན་པོ་མཁོ་འདོན་བྱེད་པ་དང་། ས་ཁུལ་དང་ཐ་ན་འཛམ་གླིང་གི་འཕེལ་རྒྱས་དང་། དར་རྒྱས། བརྟན་ལྷིང་བཅས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་དེ་བས་ཆེན་པོ་ལེགས་སྐྱེས་འབུལ་འདོད་ཡོད།
ལི་ཆང་གིས་བསྟན་དོན། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་མཐོ་རིམ་འགྲོ་འོང་བཟང་པོ་རྒྱུན་འཁྱོངས་བྱས་ནས། ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པ་དང་དོ་ཁུར་བྱེད་པའི་གནད་དོན་གལ་ཆེན་ཐད་བློ་བརྟན་འགྱུར་མེད་ངང་ཕན་ཚུན་རྒྱབ་སྐྱོར་བྱེད་འདོད་ཡོད། ཕྱོགས་གཉིས་ཀྱིས་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་ཤུགས་སྣོན་རྒྱག་པ་དང་སྤུས་ཚད་མཐོ་བའི་སྒོ་ནས་ཐུན་མོང་ཐོག“རྒྱུད་གཅིག་ལམ་གཅིག”བསྐྲུན་རྒྱུ་སྣེ་ཁྲིད་དུ་བྱས་ཏེ། ཡ་ཝན་མྱུར་བགྲོད་ལྕགས་ལམ་རྒྱུན་མཐུད་ངང་གཉེར་སྐྱོང་ཡག་པོ་བྱེད་པ་དང་། “ས་ཁོངས་ཀྱི་ཕྱོགས་བསྡུས་དཔལ་འབྱོར་བར་ཁྱམས”དང“རྒྱལ་ཁབ་གཉིས་ཀྱི་གླིང་གཉིས”བསྐྲུན་རྒྱུར་མུ་མཐུད་དུ་སྐུལ་འདེད་གཏོང་བ། ཕྱོགས་གཉིས་ཀྱི་ཚོང་དོན་དང་མ་འཇོག་གཞི་ཁྱོན་སྔར་བས་ཆེ་རུ་གཏོང་བ། ལྗང་མདོག་གཏེར་ཐོན་དང་། འོད་ཤུགས་རླུང་གློག གྲངས་གཞིའི་དཔལ་འབྱོར། རྒྱ་མཚོའི་ཚན་ཞིབ། ཁོར་ཡུག་སྲུང་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་པ། དབུལ་པོ་ཉུང་གཏོང་དང་གནོད་འཚེ་སྔོན་འགོག སྨན་བཅོས་སོགས་དམངས་འཚོའི་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས། རྒྱལ་ཁབ་གཉིས་ཀྱིས་རང་སོ་སོའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དེ་བས་མང་བའི་སྒུལ་ཤུགས་སྣོན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཧིན་རྡུ་ཉི་ཞི་ཡ་དང་མཉམ་དུ་མཉམ་འབྲེལ་རྒྱལ་ཚོགས་སོགས་ཕྱོགས་མང་ལས་སྟེགས་ཀྱི་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་སྣོན་རྒྱག་པ་དང་། ཕྱོགས་མང་རིང་ལུགས་ངོ་མ་ལག་ལེན་བསྟར་བ། རྒྱལ་སྤྱིའི་དྲང་སྙོམས་དྲང་བདེན་སྲུང་སྐྱོང་། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཐུན་མོང་ཁེ་ཕན་ལ་སྲུང་སྐྱོང་བཅས་བྱེད་འདོད་ཡོད།
ཕུའུ་ལཱ་པོ་ཝོ་ཡིས་བསྟན་དོན། ཧིན་རྡུ་ཉི་ཞི་ཡས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གཅིག་གི་སྲིད་ཇུས་ལག་ལེན་དུ་བསྟར་ནས་སང་ལོར་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ75འཁོར་བ་གོ་སྐབས་སུ་བརྩིས་ཏེ་ཀྲུང་གོ་ཕྱོགས་དང་རིམ་པ་སོ་སོའི་བར་འགྲོ་འོང་དམ་ཟབ་བྱེད་པ་དང་། དཔལ་འབྱོར་ཚོང་དོན་དང་། ཞིང་ལས། མི་གཞུང་བརྗེ་རེས་སོགས་ཁྱབ་ཁོངས་ཀྱི་གཉིས་ཕན་མཉམ་ལས་རྒྱ་ཆེ་རུ་གཏོང་བ། ཕྱོགས་མང་ལས་དོན་ཐད་འབྲེལ་གཏུག་དང་རོགས་ལས་བྱ་རྒྱུར་ཤུགས་སྣོན་པ་བཅས་བྱེད་འདོད་ཡོད་ཟེར།
ཝུའུ་ཀྲིན་ལུང་ཐུག་འཕྲད་ལ་ཞུགས། །
འཕྲིན་སྟེགས། weikangba