ཞི་ཅིན་ཕིང་གིས་ཧུའུ་པེ་རུ་གཟིགས་ཞིབ་གནང་།

2024-11-08
1121

  ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧུའུ་པེ་རུ་གཟིགས་ཞིབ་གནང་དུས། ཧུའུ་པེས་ཏང་གི་ཚོགས་ཆེན་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྙིང་དོན་དོན་འཁྱོལ་ཟབ་སྤེལ་བྱས་ཏེ། བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་སྤྱི་འགྲོས་རྒྱུན་འཁྱོངས་དང་། འཕེལ་རྒྱས་གསར་པའི་སྒྲོམ་གཞི་འཛུགས་སྐྱོང་ཁྲོད་ཀྱི་ལས་འགན་འགན་འཁྲི་དམ་འཛིན་ནན་མོ་བྱེད་པ། རང་གི་ཁྱད་ནུས་འདོན་སྤེལ་ཞིང་ནུས་པ་ཡོད་དགུ་དང་དཀའ་སྤྱད་འབད་བརྩོན། ཡུན་རིང་བརྩོན་ལེན།ཐབས་མཁས་ལས་འགྲུབ་ཐུབ་པ་བཅས་བྱས་ནས་འབྲི་ཆུའི་དཔལ་འབྱོར་སྤེལ་ཁུལ་སྤུས་ཚད་མཐོན་པོའི་འཕེལ་རྒྱས་ཁྲོད་སྤོབས་པ་ཆེན་པོས་མདུན་སྐྱོད་དང་དབུས་རྒྱུད་ས་ཁུལ་དར་རྒྱས་ཡོང་བའི་འཐབ་ཇུས་ཀྱི་འདེགས་རྟེན་གལ་ཆེན་བསྐྲུན་གང་ཐུབ་བྱས་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཧུའུ་པེའི་ལེའུ་གསར་པ་རྩོམ་གང་ཐུབ་བྱེད་དགོས་ཞེས་ནན་གསུངས་གནང་བ་རེད།

  ཟླ་བ་བཅུ་གཅིག་པའི་ཚེས་བཞི་ཉིན་ནས་ཚེས་དྲུག་ཉིན་གྱི་བར། ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཝང་མོང་ཧུའེ་དང་ཞིང་ཆེན་སྲིད་གཞུང་གི་འགོ་འཛིན་ཝང་ཀྲུང་ལིང་གི་ཕེབས་རོགས་འོག སྔ་རྗེས་སུ་ཞའོ་ཀན་དང་ཞན་ཉིང་། ཝུའུ་ཧན་ལ་ཕེབས་ནས། དངོས་མང་བཤམས་སྟོན་ཁང་དང་ཞིང་གྲོང་། ཚན་རྩལ་དང་ཐོན་ལས་གསར་གཏོད་སྟེགས་བུ་བཅས་ལ་གཟིགས་ཞིབ་གནང་བ་རེད།  ཚེས་བཞི་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་ཞའོ་ཀན་གྲོང་ཁྱེར་ཡུན་མོང་རྫོང་དངོས་མང་བཤམས་སྟོན་ཁང་ལ་ཕེབས་ནས་ཆིན་རྒྱལ་རབས་དང་ཧན་རྒྱལ་རབས་ཀྱི་སྨྱུག་དཔེ་འགྲེམས་སྟོན་ལ་གཟིགས་མོ་གནང་ཞིང་། འགྲེམས་སྟོན་བྱས་པའི་ཆིན་རྒྱལ་རབས་ཀྱི་སྒྲིག་ཁྲིམས་རིགས་བཅོ་བརྒྱད་ལས།  ལོ་ཉིས་སྟོང་ཉིས་བརྒྱའི་སྔོན་ནས་རང་རྒྱལ་གྱི་གནའ་རབས་ཁྲིམས་ལུགས་མ་ལག་གྲུབ་ཡོད་པར་མཚོན་ཐུབ། ཞི་ཅིན་ཕིང་གིས་སྨྱུག་དཔེའི་ནང་དོན་དང་ལོ་རྒྱུས་ཀྱི་རིག་གནས་རིན་ཐང་། སྲུང་སྐྱོབ་ཞིབ་འཇུག་བྱས་པའི་གནས་ཚུལ་མཚམས་སྦྱོར་ལ་གསན་རྗེས། མུ་མཐུད་དུ་གནའ་རྫས་ཞིབ་འཇུག་ཇེ་དྲག་གཏོང་བ་དང་།  རིག་དངོས་སྲུང་སྐྱོབ་ཆུ་ཚད་མཐོར་འདེགས་བཏང་སྟེ། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་དང་རིག་གནས་ཡིད་རྟོན་ཇེ་དྲག་གཏོང་བར་འདེགས་རྟེན་ཇེ་ཆེར་གཏོང་བ།ཀྲུང་ཧྭའི་ཤེས་དཔལ་གྱི་གཅེས་ནོར་བསྐལ་བརྒྱར་མི་ཡལ་ཞིང་རྗེས་རབས་རྗེས་པ་ལ་ཕན་པ་དང་། མི་རྣམས་ཀྱིས་མུ་མཐུད་དུ་མི་རིགས་ཀྱི་གཟི་བརྗིད་དང་ཡིད་ཆེས་ཇེ་ཆེར་གཏོང་བར་སྐུལ་མ་བྱེད་དགོས་ཞེས་གསུངས་པ་རེད།

  ཚེས་ལྔ་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་ཞན་ཉིང་གྲོང་ཁྱེར་ཅ་ཡུས་རྫོང་ལ་ཕེབས་ནས། ཐོག་མར་ཧྥན་ཅ་ཝན་གྲོང་རྡལ་ཧྲི་ལི་སྔོ་ཚལ་བར་ཁྱམས་སུ་གཟིགས་ཞིབ་གནང་། སྟོན་མཇུག་ཏུ་ས་གནས་འདི་རུ་སྔར་བཞིན་ཚང་ཚིང་གཡུ་ལོ་རྒྱས་པས་གསོན་སྐྱེ་སྟོབས་ཀྱི་དཔལ་འབར་འདུག ཞི་ཅིན་ཕིང་ཞིང་ནང་དུ་ཕེབས་ནས། སྔོ་ཚལ་སྐྱེས་ཚུལ་ལ་གཟིགས་ཞིབ་གནང་ཞོར། སྔོ་ཚལ་གྱི་རིགས་དང་རྨོ་འདེབས་ལག་རྩལ། འཚོང་གཉེར་སོགས་ཐད་ལ་རྒྱུས་ལོན་ཟབ་མོ་གནང་། ཁོང་གིས། ཞིང་གྲོང་གི་ས་ཞིང་ཆེ་བས་ཞིང་ལས་ལ་དགེ་མཚན་ཆེན་པོ་ལྡན་པ་ཞིག་རེད། དེང་རབས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་ཞིང་ལས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་དགོས་ན། ངེས་པར་དུ་ཚན་རྩལ་ཡར་ཐོན་ལ་བརྟེན་ནས། ཚན་རྩལ་གྱིས་ཞིང་ལས་དེང་རབས་ཅན་ལ་འཕུར་སྐྱོད་ཀྱི་གཤོག་པ་རྒྱས་འཇུག་དགོས་ཞེས་ནན་གསུང་གནང་། ཁོང་གིས་ས་གནས་དེའི་མང་ཚོགས་དང་ལས་བྱེད་མི་སྣར་ཚན་རྩལ་གྱི་ལམ་བུ་དང་སྤུས་ཀའི་ལམ་བུ། ཚོང་རྟགས་ཀྱི་ལམ་བུར་བསྐྱོད་དགོས།  མི་དམངས་ཕྱུག་འགྱུར་གཏོང་བའི་ སྔོ་ཚལ་རྨོ་འདེབས་ཐོན་ལས་འདི་སྔར་ལས་ཡག་པོ་བསྒྲུབ་ནས། མང་ཚོགས་དེ་ལས་མང་པོ་ཕྱུག་པོར་འགྱུར་བཅུག་དགོས་ཞེས་སྐུལ་མ་གནང་།

  དེའི་རྗེས་སུ་ཞི་ཅིན་ཕིང་ཧྥན་ཅ་ཝན་གྲོང་རྡལ་སི་དབྱིས་གྲོང་ཚོར་ཕེབས་ནས་རྒན་གསོ་ཞབས་ཞུ་ལྟེ་གནས་སུ་རྒན་གསོའི་ཆ་རྐྱེན་དང་དམངས་ཕན་ཞབས་ཞུའི་གནས་ཚུལ་ལ་གཟིགས་ཞིབ་གནང་། ཏང་དང་མང་ཚོགས་ཞབས་ཞུའི་ལྟེ་གནས་སུ་ཕེབས་ནས། གྲོང་ཚོ་རིམ་པའི་རྩ་འཛུགས་འཁོར་སྐྱོད་དང་ཕྱི་ཚུལ་རིང་ལུགས་དག་ཐེར་བྱེད་དེ་གཞི་རིམ་གྱི་ཁུར་པོ་ཇེ་ཡང་གཏོང་བའི་ཐད་རྒྱུས་ལོན་གནང་། ཁོང་གིས། ཏང་འཛུགས་སྣེ་ཁྲིད་ཇེ་དྲག་གཏོང་བ། རྒན་པ་དང་བྱིས་པ་གཙོ་བོར་བཟུང་ནས་མང་ཚོགས་ཀྱི་དཀའ་གནད་ཐག་གཅོད་བྱེད་ཡང་དག་བྱེད་དགོས། མུ་མཐུད་དུ་གཞི་རིམ་ལས་ཀ་ཇེ་ཡང་ལ་བཏང་ནས། གཞི་རིམ་གྱི་ལས་བྱེད་མི་སྣས་དུས་ཚོད་དང་ནུས་ཤུགས་འདང་ངེས་ཀྱིས་མང་ཚོགས་ལ་ཞབས་ཞུ་སྒྲུབ་དགོས་ཞེས་གསུངས།

  མི་སེར་ཞུང་ཁྲེང་ལོང་ཚང་དུ། ཞི་ཅིན་ཕིང་གིས་ཁོ་ཚོའི་ཁྱིམ་ཚང་གི་གནས་ཚུལ་གཟིགས་ཞིབ་ནན་མོ་གནང་ཞིང་ཁྱིམ་ཚང་དང་ལྷན་དུ་བསྡད་དེ་ཐོན་སྐྱེད་དང་བུ་ཕྲུག་གི་ལས་ཞུགས་ལས་གཏོད། ཁྱིམ་ཚང་གི་ཡོང་འབབ། རྒན་གསོ་སྨན་བཅོས་བཅས་ཀྱི་གནས་ཚུལ་ལ་རྒྱུས་ལོན་གནང་། ལོ་ཁ་ཤས་རིང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་མུ་མཐུད་དུ་འཐུས་ཚང་གཏོང་བཞིན་ཡོད་པ་དང་། ཞིང་པའི་དངོས་པོ་དང་རིག་གནས་འཚོ་བ་སྔར་ལས་འགན་སྲུང་ཅན་དུ་བཏང་ཡོད་པ་གོ་དུས། ཞི་ཅིན་ཕིང་ཐུགས་དཀྱེས་ཆེན་པོ་གནང་བ་རེད།  ཁོང་གིས་བཟའ་མི་ཚང་མས་མུ་མཐུད་དུ་འབད་པ་བྱེད་པ་དང་། ཐོན་སྐྱེད་དང་འཚོ་བ་སྔར་ལས་ཇེ་ཡག་གཏོང་བ་དང་། བུ་ཕྲུག་ཡག་མོ་བསྐྱངས་ནས། འཚོ་བ་ཇེ་སྐྱིད་ཇེ་ལེགས་སུ་འགྲོ་བའི་ཐུགས་རེ་གནང་བ རེད།

  གྲོང་ཚོ་ནས་བྲལ་དུས། གྲོང་མི་ཚོས་སྤྲོ་སེམས་ཆེན་པོས་སྤྱི་ཁྱབ་ཧྲུའུ་ཅི་ལ་སྤྲོ་བས་སྐྱེལ་མ་བྱས་ཤིང་། ཞི་ཅིན་ཕིང་གིས་ཚང་མར། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྤེལ་དགོས་ན། ངེས་པར་དུ་གྲོང་གསེབ་དར་རྒྱས་ཇེ་མགྱོགས་གཏོང་དགོས་ཏེ། ཐོག་མར་མང་ཚོགས་ཕྱུག་འགྱུར་ཐོན་ལས་འཕེལ་རྒྱས་གཏོང་དགོས་པས། མང་ཚོགས་ཚོ་ཏང་རྩ་འཛུགས་ཀྱི་སྣེ་ཁྲིད་འོག ཕྱར་བ་གྲུ་འདེགས་དང་མཐུན་སྒྲིལ་ཧུར་སྐྱེད་བྱེད་པ། རང་གི་ངལ་རྩོལ་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་སྔར་བས་ཕན་འབྲས་ཅན་དུ་གཏོང་བ་ད་ང། གྲོང་ཚོ་སྔར་ལས་མཛེས་སྡུག་ཏུ་བསྐྲུན་ནས། མཉམ་དུ་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་རེ་བ་ཡོད་ཅེས་གསུངས། ཞི་ཅིན་ཕིང་གིས། ཁྱོད་ཚོའི་ཁྱིམ་ཚང་བདེ་སྐྱིད་དང་ལུས་པོ་བདེ་ཐང་། བྱ་ལས་ཡར་ངོའི་ཟླ་ལྟར་འཕེལ་བའི་བཀྲ་ཤིས་སྨོན་འདུན་ཞུས་པ་རེད

  ཚེས་ལྔ་ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཝུའུ་ཧན་ཐོན་ལས་གསར་གཏོད་འཕེལ་རྒྱས་ཞིབ་འཇུག་གླིང་དུ་གཟིགས་ཞིབ་གནང་། ཚན་རྩལ་གསར་གཏོད་མཁོ་འདོན་མ་ལག་སྟེགས་བུའི་རྒྱལ་ཁའི་དཔེ་མཚོན་འགྲེམ་སྟོན་དང་ཚན་རྩལ་གསར་གཏོད་གྲུབ་འབྲས་ལ་གཟིགས། ཚན་རྩལ་གསར་གཏོད་ཀྱི་བྱེད་ཐབས་ལ་རྒྱུས་ལོན་གནང་ཞོར། ཚན་ཞིབ་པ་དང་ཁེ་ལས་འགན་འཁུར་པ་དང་བགྲོ་གླེང་སྤེལ་རེས་གནང་བ་རེད། ཁོང་གིས། ཆུ་ཚད་མཐོ་བའི་ཚན་རྩལ་རང་སྟོབས་རང་སྤེལ་དང་སྤུས་གསར་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་ཀྱིས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་ཟུང་འབྲེལ་གཏོང་བར་ཁ་ཚ་དགོས་གཏུག་གི་བླང་བྱ་བཏོན་པས། རྒྱ་ཆེའི་ཚན་རྩལ་ལས་སྒྲུབ་པ་དང་ཁེ་ལས་པ་ཡིས་ཡིད་ཆེས་ཆེན་པོ་དང་ཕུགས་འདུན་ཆེན་པོ། མཐུན་སྦྱོར་ཤུགས་འདོན་བྱས་ནས། གསར་གཏོད་མ་ལག་གི་སྤྱི་ཡོངས་བྱེད་ནུས་མཐོར་འདེགས་དང་། དེང་རབས་ཅན་ཐོན་ལས་མ་ལག་འཛུགས་སྐྱོང་ཁྲོད་རྒྱུན་ཆད་མེད་པར་བྱས་རྗེས་འཇོག་དགོས་ཞེས་ནན་གསུང་གནང་། ཞི་ཅིན་ཕིང་གིས། ང་ཚོས་མཉམ་དུ་འབད་པ་བྱས་ནས་དུས་ལྟར་ང་ཚོའི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་མངོན་འགྱུར་ཐུབ་པར་བྱེད་དགོས་ཞེས་གསུངས།

  ཚེས་དྲུག་ཉིན་གྱི་སྔ་དྲོར། ཞི་ཅིན་ཕིང་གིས་ཧུའུ་པེ་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལས་ཀའི་སྙན་ཞུ་ལ་གསན་ཞིང་། ཧུའུ་པེའི་ལས་ཀ་སོ་སོའི་ཐད་ཐོབ་པའི་གྲུབ་འབྲས་ལ་གདེང་འཇོག་གང་ལེགས་གནང་ལ། གོ་རིམ་རྗེས་མའི་ལས་ཀའི་ཐད་བླང་བྱ་གསལ་པོ་བཏོན་པ་རེད།  ཞི་ཅིན་ཕིང་གིས། ཧུའུ་པེ་ཚན་སློབ་འཇོན་མིའི་ལེགས་ཆ་འབུར་དུ་ཐོན་ལ། ཚན་རྩལ་གསར་གཏོད་ནུས་པ་ཆེན་པོ་ལྡན་པས། ཚན་རྩལ་གསར་གཏོད་དང་ཐོན་ལས་གསར་གཏོད་འཕེལ་རྒྱས་གཏོང་བར་རྒྱ་སྐྱེད་མདུན་སྐྱོད་བྱེད་དགོས། རྒྱལ་ཡོངས་གསར་གཏོད་མ་ལག་ནང་རང་འགུལ་གྱིས་འབྲེལ་ཞུགས་བྱེད་པ་དང་། རྒྱལ་ཡོངས་སུ་ཤུགས་རྐྱེན་ལྡན་པའི་ཚན་རྩལ་གསར་གཏོད་ཀྱི་མཐོ་གསར་བསྐྲུན་གང་ཐུབ་བྱེད་པ། ཚན་རྩལ་གསར་གཏོད་འབྱུང་ཁུངས་ཀྱི་བྱེད་ནུས་སྔར་ལས་འདོན་སྤེལ་ཡག་པོ་བྱེད་དགོས། ཐོན་ལས་གཙོ་བོའི་གསར་གཏོད་མ་ལག་དང་ཐོན་ལས་མ་ལག  མ་རྩ་མ་ལག  ཤེས་ལྡན་མི་སྣ་བཅས་ཟུང་འབྲེལ་ཟབ་མོ་བྱེད་པར་དམིགས་ནས། ལག་རྩལ་གཙོ་བོར་ཞིབ་འཇུག་གསར་སྤེལ་དང་འགག་སྒྲོལ་བྱེད་པ། ཁེ་ལས་ཆེ་འབྲིང་ཆུང་གསུམ་མཐུན་སྦྱོར་གསར་གཏོད་ནང་རྐྱེན་བཙུགས ནས། ཚན་རྩལ་གྲུབ་འབྲས་ལུགས་སྒྱུར་ཆུ་ཚད་མཐོར་འདེགས་གཏོང་དགོས། སྲོལ་རྒྱུན་ཐོན་ལས་ལུགས་སྒྱུར་རིམ་སྤར་དང་གསར་དར་ཐོན་ལས་གསོ་སྤེལ་རྒྱ་བསྐྱེད། མ་འོངས་ཐོན་ལས་མཉམ་དུ་འཕེལ་རྒྱས་གཏོང་བ། ས་བབ་དང་བསྟུན་ནས་སྤུས་གསར་ཐོན་སྐྱེད་ནུས་པ་འཕེལ་རྒྱས་གཏོང་བ། སྐད་གྲགས་ལྡན་པའི་ཚོང་རྟགས་གྲགས་ཅན་སྔར་ལས་མང་པོ་བསྐྲུན་དགོས། འབྲི་ཆུའི་སྐྱེ་ཁམས་ཁོར་ཡུག་སླར་གསོ་བྱ་རྒྱུ་དེ་འགན་གནས་ཚབས་ཆེན་་ཞིག་ཏུ་བརྩིས་ནས། བདེ་འཇགས་རྒྱུན་ལྡན་ཐུབ་པའི་དེང་རབས་ཆུའི་དྲ་བ་འཛུགས་པ། འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་དང་། འབྲི་ཆུའི་ནང་ལོ་བཅུ་རིང་ཉ་རྒྱ་བསྡམས་དགོས་ཞེས་གསུངས།

  ཞི་ཅིན་ཕིང་གིས། ཧུའུ་པེ་ཡིས་ཕྱོགས་ཡོངས་ནས་བཅོས་བསྒྱུར་ཟབ་སྤེལ་དང་ཆུ་ཚད་མཐོན་པོའི་སྒོ་འབྱེད་རྒྱ་སྐྱེད་ཐད་འཚོལ་ཞིབ་བྱེད་ཕོད་དགོས། ཁྱབ་ཁོངས་གལ་ཆེན་དང་འགག་རྩའི་ལས་རིམ་བཅོས་བསྒྱུར་དམ་འཛིན་བྱེད་པ། རྒྱལ་ཡོངས་གཅིག་གྱུར་ཚོང་ར་ཆེན་པོ་འཛུགས་སྐྱོང་ནང་འདྲེས་ཞུགས་བྱེད་པ། སྔར་ལས་དྲང་བདེན་དང་སྔར་ལས་གསོན་ཤུགས་རྒྱས་པའི་ཚོང་རའི་ཁོར་ཡུག་འཛུགས་སྐྱོང་བྱེད་དགོས། འགྱུར་བ་མེད་པ་གཉིས་རྒྱུན་འཁྱོངས་དང་དོན་འཁྱོལ་བྱས་ནས། རིགས་མང་པོའི་དབང་བའི་ལམ་ལུགས་ཀྱི་དཔལ་འབྱོར་ཕན་ཚུན་སྐུལ་རེས་དང་། ཐུན་མོང་འཕེལ་རྒྱས་གཏོང་དགོས། ཕྱི་ནང་གཉིས་ཀྱི་སྒོ་འབྱེད་མཉམ་འཛིན་རྒྱུན་འཁྱོངས་དང་། ནང་ལོགས་སྒོ་འབྱེད་མཐོ་ས་སྐྲུན་པ། ས་ཁོངས་མཉམ་ལས་ཟབ་སྤེལ་བྱས་ནས། གོ་རིམ་ལྡན་པའི་ངང་ཐོན་ལས་སྒྲིག་གཞི་ལེགས་སྒྲིག་བྱེད་དགོས། ཕྱི་ནང་ཉོ་ཚོང་གཞི་གཅིག་ཅན་གྱི་བཅོས་བསྒྱུར་ཟབ་སྤེལ་དང་། སྤུས་ཀ་མཐོ་བའི་རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་ནང་ཞུགས་ནས། སྒོ་འབྱེད་ཀྱི་སྲོག་ཤིང་བྱེད་ནུས་མཐོར་འདེགས་གཏོང་དགོས་ཞེས་ནན་གསུངས་གནང་བ་རེད།

  ཞི་ཅིན་ཕིང་གིས། ཧུའུ་པེ་ཡིས་གྲོང་ཁྱེར་དང་གྲོང་གསེབ་ཟུང་འབྲེལ་འཕེལ་རྒྱས་དང་གྲོང་གསེབ་ཕྱོགས་ཡོངས་དར་རྒྱས་ཐད་འབད་པ་བྱེད་དགོས། ཝུའུ་ཧན་གྲོང་ཁྱེར་ཁྱུད་མོ་ལྟེ་གནས་སུ་བཟུང་ནས།འབྲི་ཆུའི་དབུས་རྒྱུད་གྲོང་ཁྱེར་ཚོགས་པ་མཉམ་འབྲེལ་འཕེལ་རྒྱས་བྱེད་དགོས། རྫོང་མཁར་གཙོ་བོ་བྱས་པའི་གྲོང་ཁྱེར་དང་གྲོང་རྡལ་ཅན་གསར་པ་འཛུགས་སྐྱོང་བྱས་ནས། ཁྱད་ཆོས་ལྡན་པའི་རྫོང་ཁོངས་དཔལ་འབྱོར་འཕེལ་རྒྱས་གཏོང་དགོས། འབྲུ་རིགས་ཐོན་སྐྱེད་འགན་འཁྲི་བརྟན་པོ་ཁུར་བ་དང་། ཞིང་ལས་ཐོན་རྫས་གལ་ཆེན་བརྟན་ཐོན་མཁོ་འདོན་འགན་སྲུང་བྱེད་དགོས། ཁྱད་ལྡན་ཐོན་ལས་དང་རིགས་མང་བདག་གཉེར་གཏིང་ཤུགས་སྔོན་འདོན་དང་། ཞིང་ལས་འཕེལ་རྒྱས་སྤུས་ཀ་དང་ལས་ཆོད་ཇེ་མཐོར་གཏོང་བ། དབུལ་བྲལ་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་གཏོང་བ། གསར་བརྗེའི་གནས་རྙིང་དར་རྒྱས་གོང་འཕེལ་ཇེ་མགྱོགས་གཏོང་དགོས། གཞི་རྩའི་སྤྱི་པའི་ཞབས་ཞུའི་མ་ལག་འཛུགས་སྐྱོང་དང་གཞི་རིམ་བཅོས་སྐྱོང་ལ་གཅིག་གྱུར་འཆར་འགོད་བྱས་ནས། དམངས་འཚོ་འགན་སྲུང་གི་ལས་ཀ་ཁག་འགན་སྲུང་ཏན་ཏིག་བྱེད་དགོས། གྲོང་ཁྱེར་དང་གྲོང་གསེབ་བསམ་པའི་དཔལ་ཡོན་འཛུགས་སྐྱོང་ཟབ་སྤེལ་དང་། ཡུལ་སྲོལ་གོམས་གཤིས་བསྒྱུར་བར་སྐུལ་སྤེལ་བྱེད་དགོས་ཞེས་གསུངས།

  ཞི་ཅིན་ཕིང་གིས། ཧུའུ་པེ་ལ་ལོ་རྒྱུས་རིག་གནས་རྨང་གཞི་གཏིང་ཟབ་མོ་དང་གསར་བརྗེའི་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་པས། རིག་གནས་ཐོན་ཁུངས་སྲུང་སྐྱོང་ཇེ་དྲག་དང་རི་གནས་གསར་གཏོད་འཕེལ་རྒྱས་གསར་པའི་ཐད་འགན་ཁུར་དགོས། ལོ་རྒྱུས་རིག་གནས་ཤུལ་བཞག་སྲུང་སྐྱོང་རྒྱུན་འཛིན་དང་བེད་སྤྱོད་ལ་ཕྱོགས་ཡོངས་ནས་སྐུལ་སྤེལ་དང་། འབྲི་ཆུའི་རིག་གནས་ཁུངས་འདེད་ཞིབ་འཇུག་དང་དྲིལ་བསྒྲགས་འགྲེམ་སྟོན་ཇེ་དྲག་གཏོང་དགོས། རི་བོ་ཏཱ་པེ་ཧྲན་གྱི་སྙིང་སྟོབས་དང་ཆུ་ལོག་འགོག་པའི་སྙིང་སྟོབས། རིམས་ནད་འགོག་པའི་སྙིང་སྟོབས་བཅས་དར་སྤེལ་ཧུར་ཐག་བྱེད་པ་དང་སྤྱི་ཚོགས་རིང་ལུགས་སྲོག་ཤིང་རིན་ཐང་ལྟ་བ་ལག་བསྟར་རྒྱ་ཁྱབ་བྱེད་དགོས། རིག་གནས་དམངས་ཕན་ལས་གཞི་ལག་བསྟར་དང་། རིག་གནས་ལས་སྒོ་གསར་པ་འཕེལ་རྒྱས་གང་ལེགས་བཏང་ནས། རིག་གནས་ཐོན་རྫས་ཡང་དག་དང་ཞབས་ཞུ་གང་མང་མང་ཚོགས་ལ་སྐྱེལ་དགོས། རིག་གནས་ཡུལ་སྐོར་ཚོང་རྟགས་དང་ལམ་ཐིག་གྲགས་ཅན་བཏོན་ནས། རིག་གནས་ཡུལ་སྐོར་ལས་སྒོ་དེ་རྒྱབ་རྟེན་ཐོན་ལས་སུ་སྐྲུན་དགོས་ཞེས་ནན་གསུངས་གནང་།

  ཞི་ཅིན་ཕིང་གིས། བཅོས་བསྒྱུར་དམ་འཛིན་དང་འཕེལ་རྒྱས་ལ་ཤུགས་འདོན་པ། ཏང་གི་འཛུགས་སྐྱོང་ཇེ་དྲག་གཏོང་བ་བཅས་ལ་དམིགས་ནས། ཏང་ཡོན་ལས་བྱེད་པས་ལས་སྒྲུབ་དང་ལས་གཏོད་ཀྱི་སེམས་ཤུགས་ཆེར་བསྐྱེད་དང་། གསར་གཏོད་གསར་འབྱེད་ཕོད་ལ་རྒྱུན་མཐུད་ལྷོད་མེད་ངང་ལག་བསྟར་དམ་འཛིན་ཡག་པོ་བྱེད་པ། ལས་ཕོད་སྒྲུབ་ཕོད་པར་མ་ཟད་མཐུན་སྒྲིལ་མཐུན་སྦྱོར་བྱེད་མཁས་པ། ལོ་རྒྱུས་དང་ལག་ལེན། མི་དམངས་ཀྱི་ཉམས་སད་ ཐེག་པའི་གྲུབ་འབྲས་བཟང་པོ་གཏོད་དགོས། གཞི་རིམ་ཏང་རྩ་འཛུགས་འཛུགས་སྐྱོང་ཐད་ཤུགས་འདོན་པ་དང་། འཐབ་རྩོད་ཀྱི་བཙན་རྫོང་བརྟན་པོ་བསྐྲུན་དགོས། ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ཡུན་རིང་ནུས་ལྡན་ཅན་དུ་འགྱུར་བར་ཤུགས་བཏོན་ནས། སྤྱོད་གཙང་སྒྲིག་སྲུང་གི་རུལ་སུངས་ངོ་རྒོལ་རྒྱུན་འཁྱོངས་ལྷོད་མེད་བྱེད་པ་དང་། ཀུན་སྤྱོད་གཙང་མའི་ཆབ་སྲིད་ཁོར་ཡུག་རྒྱུན་ཆད་མེད་པར་སྲ་བརྟན་དང་འཕེལ་རྒྱས་གཏོང་དགོས་ཞེས་གསུངས།

  ཞི་ཅིན་ཕིང་གིས། འདི་ལོ་ལ་ད་དུང་ཟླ་བ་གཉིས་ལྷག་ཡོད་པས། ལས་དོན་སོ་སོ་དང་ཁྱད་པར་དུ་དཔལ་འབྱོར་ལས་ཀ་སྔར་བས་དོན་དངོས་དམ་འཛིན་བྱས་ནས། འབད་པ་ཆེན་པོས་ལོ་ཧྲིལ་བོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་འགྲུབ་པར་བྱ་དགོས་ཞེས་ནན་གསུངས་གནང་།

ཧོ་ལེ་ཧྥུང་དང་། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་རྣམས་ཀྱིས་ཕེབས་རོགས་འོག་གཟིགས་ཞིབ་གནང་བ་རེད།

  • 顶