ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བདུན་པའི་སྟེང་རིག་གནས་སྟོབས་ལྡན་རྒྱལ་ཁབ་སྐྲུན་པའི་འཐབ་ཇུས་དམིགས་ཚད་གཏན་འཁེལ་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་་་

2024-10-29
400

ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བདུན་པའི་སྟེང་རིག་གནས་སྟོབས་ལྡན་རྒྱལ་ཁབ་སྐྲུན་པའི་འཐབ་ཇུས་དམིགས་ཚད་གཏན་འཁེལ་བྱས་ནས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་དགོས་ཞེས་བསྟན།


ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ10ཚེས28ཉིན་གྱི་ཕྱི་དྲོར་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡིས་རིག་གནས་སྟོབས་ལྡན་རྒྱལ་ཁབ་བསྐྲུན་པའི་སྐོར་གྱི་ཐུན་མོང་སློབ་སྦྱོང་ཐེངས་བཅུ་བདུན་པ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སློབ་སྦྱོང་ལ་མགོ་འཛིན་གནང་སྐབས2035ལོར་རིག་གནས་སྟོབས་ལྡན་རྒྱལ་ཁབ་སྐྲུན་པའི་འཐབ་ཇུས་དམིགས་ཚད་གཏན་འཁེལ་བྱེད་པ་དང་། རྩ་བའི་མཛུབ་ཁྲིད་བསམ་བློ་ཡིན་པའི་མར་ཁེ་སི་རིང་ལུགས་རྒྱུན་འཁྱོངས་བྱེད་པ། རྒྱ་ཆེ་ལ་གཏིང་ཟབ་པའི་ཀྲུང་ཧྭའི་དཔལ་ཡོན་གཞི་ཚུགས་པ། ཆ་འཕྲིན་ལག་རྩལ་འཕེལ་རྒྱས་ཀྱི་རླབས་རྒྱུན་དང་མཐུན་པ་བཅས་བྱས་ནས་བསམ་བློའི་ཁྲིད་སྟོན་ནུས་པ་དང་། བསམ་པའི་གོང་བུ་འགྲིལ་ཤུགས། རིན་ཐང་གི་བློ་སེམས་འགུག་ནུས། རྒྱལ་སྤྱིའི་ཤུགས་རྐྱེན་ཐེབས་ཤུགས་བཅས་ཀྱི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་གཏོང་བ་དང་། མི་དམངས་ཀྱི་བསམ་པའི་སྟོབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ། སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རིག་གནས་རྨང་གཞི་སྲ་བརྟན་དུ་གཏོང་བ་བཅས་བྱེད་དགོས་ཞེས་ནན་གྱིས་བསྟན།

པེ་ཅིན་སློབ་གྲྭ་ཆེན་མོའི་སློབ་གཙོ་གཞོན་པ་དང་དགེ་རྒན་ཆེན་མོ་བློ་མཐུན་ཝང་པོ་ཡིས་གནད་དོན་དེའི་སྐོར་ལ་འགྲེལ་བཤད་བརྒྱབ་ནས་ལས་དོན་གྱི་གྲོས་འགོ་བཏོན། ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་བློ་མཐུན་རྣམས་ཀྱིས་འགྲེལ་བཤད་ལ་ནན་ཏན་ངང་གསན་ཏེ་གྲོས་བསྡུར་བྱས།

ཞི་ཅིན་ཕིང་གིས་འགྲེལ་བཤད་དང་གྲོས་བསྡུར་གསན་རྗེས་གསུང་བཤད་གལ་ཆེན་གནང་། ཁོང་གིས་ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ང་ཚོས་རིག་གནས་འཛུགས་སྐྱོང་བྱ་རྒྱུ་དེ་རྒྱལ་སྐྱོང་སྲིད་གཉེར་གྱི་གནས་བབ་མངོན་གསལ་དུ་འཇོག་པ་རྒྱུན་འཁྱོངས་བྱས་ཏེ་བཀོད་སྒྲིག་གལ་ཆེན་རབ་དང་རིམ་པ་བྱས་པས། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དགོངས་པ་ཆགས་ནས་རིག་གནས་འཛུགས་སྐྱོང་དེ་གཞི་སྒྱུར་རྩ་སྒྱུར་དང་དྲང་སྲུང་གསར་གཏོད་ཁྲོད་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པར་སྐུལ་འདེད་བཏང་བས། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པའི་ཐད་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་ཅེས་བསྟན།

ཞི་ཅིན་ཕིང་གིས་བློ་བརྟན་འགྱུར་མེད་ངང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་འགྲོད་་ལམ་དུ་བསྐྱོད་དགོས། ཏང་གི་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དང་ཆ་འཕྲིན་ཅན་གྱི་ཆ་རྐྱེན་འོག་རིག་གནས་ཁྱབ་ཁོངས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་བཏང་སྟེ་བསམ་བློ་དང་སྙིང་སྟོབས། རིག་གནས་བཅས་ཀྱིས་ཏང་གི་སྲིད་འཛིན་རྨང་གཞི་དང་མང་ཚོགས་ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས། འདུ་ཤེས་འཛིན་སྟངས་ཀྱི་ཁྱབ་ཁོངས་སུ་མར་ཁེ་སིའི་རིང་ལུགས་ཀྱི་སློབ་སྟོན་གོ་གནས་ཀྱི་རྩ་བའི་ལམ་ལུགས་རྒྱུན་འཁྱོངས་བྱེད་པ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་དགོངས་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པ། དེང་རབས་ཅན་དང་འཛམ་གླིང་། མ་འོངས་པ་བཅས་ལ་ཁ་ཕྱོགས་པའི་མི་རིགས་དང་ཚན་རིག མང་ཚོགས་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་དགོས། སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་སྣེ་ཁྲིད་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རྒྱུན་ཆད་མེད་པར་ཀྲུང་གོའི་སྙིང་སྟོབས་དང་ཀྲུང་གོའི་རིན་ཐང་། ཀྲུང་གོའི་སྟོབས་ཤུགས་བཅས་སྐྲུན་པ་དང་། འཕེལ་ཕྱོགས་གཙོ་བོའི་རིན་ཐང་དང་། འཕེལ་ཕྱོགས་གཙོ་བོའི་གླེང་ཕྱོགས། འཕེལ་ཕྱོགས་གཙོ་བོའི་རིག་གནས་བཅས་འཕེལ་རྒྱས་དང་རྒྱ་སྐྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་མི་རིགས་ཡོངས་ཀྱི་རིག་གནས་གསར་སྐྲུན་དང་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་གང་ཐུབ་བྱེད་དགོས། མི་དམངས་ལྟེ་བར་འཛིན་པའི་གསར་རྩོམ་ཁྲིད་ཕྱོགས་རྒྱུན་འཁྱོངས་དང་། སྤྱི་ཚོགས་ཀྱི་ཕན་འབྲས་ཨང་དང་པོར་འཇོག་པ་དང་། སྤྱི་ཚོགས་ཀྱི་ཕན་འབྲས་དང་དཔལ་འབྱོར་གྱི་ཕན་འབྲས་གཅིག་གྱུར་ཡོང་བ་རྒྱུན་འཁྱོངས་བྱེད་པ། གསར་སྐྲུན་དང་གསར་གཏོད་ཀྱི་གསོན་ཤུགས་སྐུལ་སློང་བྱེད་རྒྱུ་དེ་རིག་གནས་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་ཟབ་སྤེལ་བྱེད་པའི་ལྟེ་བའི་ལྷུ་ཚིགས་སུ་བརྩིས་ནས། རིག་གནས་དོ་དམ་སྒྲིག་སྲོལ་དང་ཐོན་སྐྱེད་གཉེར་སྐྱོང་ལམ་སྲོལ་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་དགོས།  རིག་གནས་གསར་རྩོམ་གྱི་ནུས་པ་ཇེ་མཐོར་གཏོང་བར་དམིགས་ཏེ། རིག་རྩལ་གསར་རྩོམ་གྱི་ཐོན་སྐྱེད་ཞབས་ཞུ་དང་། ཁྲིད་སྟོན། སྒྲིག་འཛུགས་བཅས་ཀྱི་བྱ་བའི་ལམ་སྲོལ་ལེགས་བཅོས་དང་།  མི་སེམས་སུ་ཟུག་པའི་དུས་རབས་ཀྱི་གསུང་རབ་ཁག་ཅིག་གསོ་སྐྱོང་བྱས་ཏེ། ཀྲུང་ཧྭའི་རིག་གནས་ཀྱི་ཡང་རྩེར་སླེབས་པར་བྱེད་དགོས།  རིག་གནས་སྐྱེ་ཁམས་བཟང་པོ་ཧུར་ཐག་གིས་བསྐྲུན་པ་དང་། རིག་གཞུང་དམངས་གཙོ་དང་རིག་རྩལ་དམངས་གཙོ་དར་སྤེལ་ལེགས་པོ་བྱེད་པ། རྩོམ་པ་པོ་དང་སྒྱུ་རྩལ་པ། ཆེད་མཁས་པ་དང་མཁས་དབང་བཅས་ཀྱིས་འཚོ་བར་གཞི་ཚུགས་པ་དང་སེམས་རྣལ་མོས་གསར་རྩོམ་བྱེད་པར་རྒྱབ་སྐྱོར་བཅས་བྱས་ཏེ། རིག་གནས་གསར་སྐྲུན་དང་གསར་གཏོད་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འདོན་སྤེལ་བྱེད་པར་སྐུལ་འདེད་གཏོང་དགོས། རིག་གནས་དང་ཚན་རྩལ་མཉམ་འདྲེས་ཀྱི་ལམ་སྲོལ་ནུས་ལྡན་ངང་འཚོལ་ཞིབ་དང་།  རིག་གནས་འཛུགས་སྐྲུན་གཞི་གྲངས་ཅན་ཏུ་འགྱུར་བ་དང་ཆ་འཕྲིན་ཅན་དུ་རིམ་སྤོར་བྱས་ཏེ། རིག་གནས་ཐོན་ཁུངས་ཀྱི་དགེ་མཚན་དེ་རིག་གནས་འཕེལ་རྒྱས་གཏོང་བའི་དགེ་མཚན་དུ་འགྱུར་བར་བྱེད་དགོས་ཞེས་བསྟན།

ཞི་ཅིན་ཕིང་གིས་རིག་གནས་འཛུགས་སྐྲུན་དེ་ཐོག་མཐའ་བར་གསུམ་དུ་མི་ལ་དམིགས་པ་དང་མི་ལ་གཞི་ཚུགས་པ་རྒྱུན་འཁྱོངས་བྱེད་དགོས། མི་དམངས་མང་ཚོགས་ཀྱི་སྣ་མང་ཅན་དང་། རིམ་པ་མང་བ། ཕྱོགས་མང་པོ་བཅས་ཀྱི་བསམ་པའི་རིག་གནས་ཀྱི་དགོས་མཁོ་སྐོང་རྒྱུར་དམིགས་ཏེ། རིག་གནས་ཞབས་ཞུ་དང་རིག་གནས་ཐོན་རྫས་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་དང་། མི་དམངས་མང་ཚོགས་ཀྱི་རིག་གནས་ཀྱི་ཐོབ་སྣང་དང་སྐྱིད་སྣང་ཇེ་མཐོར་གཏོང་དགོས།  རིག་གནས་ཀྱིས་བློ་སྟོབས་གསོ་བ་དང་། ཀུན་སྤྱོད་གསོ་སྐྱོང་བྱེད་པའི་ནུས་པ་འདོན་སྤེལ་བྱེད་པར་མཐོང་ཆེན་བྱས་ཏེ། མི་རིགས་ཡོངས་ཀྱི་དཔའ་ངར་ཆེ་སྐྱེད་ཀྱི་བསམ་པའི་ཉམས་འགྱུར་སྐྱེད་སྲིང་བྱེད་དགོས། ཤེས་ལྡན་མི་སྣའི་འཚར་ལོངས་ཆོས་ཉིད་ལ་བརྩི་འཇོག་དང་། རིག་གནས་ཁྱབ་ཁོངས་ཀྱི་ཁྱད་ཆོས་དང་མཐུན་པའི་ཤེས་ལྡན་མི་སྣ་འདེམས་སྒྲུག་དང་། གསོ་སྐྱོང་། བེད་སྤྱོད། སྐུལ་ལྕག་བཅས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ཤེས་ལྡན་མི་སྣ་ཤེས་རྟོགས་དང་། ཤེས་ལྡན་མི་སྣར་མཐོང་ཆེན། ཤེས་ལྡན་མི་སྣར་གཅེས་སྐྱོང་བཅས་བྱེད་པའི་སྲིད་ཇུས་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་པ་བཅས་བྱས་ནས།  གཞི་ཁྱོན་ཆེ་བ་དང་། གྲུབ་ཚུལ་ལུགས་མཐུན། སྙིང་རུས་ཆེན་པོས་གསར་སྐྲུན་བཅས་བྱེད་པའི་ཆུ་ཚད་མཐོ་བའི་རིག་གནས་ཀྱི་ཤེས་ལྡན་མི་སྣའི་དཔུང་སྡེ་ཞིག་འཛུགས་སྐྲུན་བྱེད་དགོས་ཞེས་ནན་གྱིས་བསྟན།

ཞི་ཅིན་ཕིང་གིས་གསར་གཏོད་རང་བཞིན་གྱི་འཕོ་འགྱུར་དང་གསར་སྐྲུན་རང་བཞིན་གྱི་འཕེལ་རྒྱས་ཁྲོད་ཀྲུང་ཧྭའི་རིག་གནས་རྒྱུན་འཛིན་བྱེད་དགོས། ཀྲུང་ཧྭ་མི་རིགས་ཀྱི་རིག་གནས་གཙོ་གཞིའི་རང་བཞིན་དར་སྤེལ་བཏང་སྟེ། དཀའ་སྡུག་ཚད་མེད་བརྒྱུད་ནས་བཞག་པའི་ཀྲུང་ཧྭའི་དཔལ་ཡོན་གྱི་གཅེས་ནོར་སྲུང་སྐྱོང་ཡག་པོ་དང་། དར་སྤེལ་ཡག་པོ། འཕེལ་རྒྱས་ཡག་པོ་གཏོང་བ་བཅས་བྱེད་དགོས། ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་བསམ་བློའི་ནང་དོན་སྔོག་འདོན་དང་རྒྱས་བཤད་གཏིང་ཟབ་བྱེད་པ་དང་། མར་ཁེ་སིའི་རིང་ལུགས་ལ་བརྟེན་ནས་ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཁྲོད་ཀྱི་ཕུལ་བྱུང་གི་རྒྱུ་རྐྱེན་སྐུལ་སློང་བྱེད་པར་མ་ཟད་དེར་དུས་རབས་ཀྱི་ནང་དོན་གསར་བ་བསྩལ་ཏེ།  དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་འཕེལ་རྒྱས་གཏོང་དགོས།  ལོ་རྒྱུས་ལ་བཀུར་ཞིང་སྐྲག་པ་དང་། རིག་གནས་ལ་དགའ་ཞེན་བྱེད་པ། སྲུང་སྐྱོང་ཨང་དང་པོར་འཇོག་པ། བེད་སྤྱོད་ལུགས་མཐུན་བྱེད་པ། ཐེ་ཇུས་ཆུང་ཤོས་བྱེད་པ་བཅས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ། རིག་གནས་ཤུལ་བཞག་གི་མ་ལག་རང་བཞིན་གྱི་སྲུང་སྐྱོང་དང་ལྟ་སྐུལ་དོ་དམ་གཅིག་གྱུར་བྱེད་པར་སྐུལ་འདེད་གཏོང་དགོས། རིག་གནས་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བྱེད་པའི་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་། ཁྲིམས་སྲོལ་ལམ་ལུགས་ཀྱི་མ་ལག་མགྱོགས་མྱུར་ངང་འཐུས་ཚང་དུ་གཏོང་དགོས་ཞེས་བསྟན།  །

ཞི་ཅིན་ཕིང་གིས་རྒྱལ་ཁབ་ཀྱི་རིག་གནས་མཉེན་ཤུགས་དང་ཀྲུང་ཧྭའི་རིག་གནས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། རྒྱལ་སྤྱིའི་ཁྱབ་སྤེལ་གྱི་རྣམ་པ་བསྐྱར་འཛུགས་བྱེད་པར་སྐུལ་འདེད་བཏང་སྟེ།  དྲ་ཐོག་གི་ཕྱི་ཕྱོགས་དྲིལ་བསྒྲགས་བྱེད་པ་དང་།  ཐབས་ལམ་མང་པོ་དང་ལངས་གཟུགས་རྣམ་པའི་ཕྱི་ཕྱོགས་ལ་ཁྱབ་སྤེལ་བྱེད་པའི་རྣམ་པ་གཏོད་དགོས།  སྔར་ལས་རང་འགུལ་ངང་ཀྲུང་གོའི་འདོད་བློ་དྲིལ་བསྒྲགས་ངོ་སྤྲོད་དང་། ཀྲུང་ཧྭའི་རིག་གནས་ཁྱབ་སྤེལ། ཀྲུང་གོའི་སྣང་བརྙན་མངོན་པ་བཅས་བྱེད་དགོས། རྣམ་པ་སྣ་ཚོགས་ཀྱི་རྒྱལ་སྤྱིའི་མི་ཆོས་རིག་གནས་སྣང་ཚུལ་སྣ་ཚོགས་བརྗེ་རེས་དང་མཉམ་ལས་རྒྱ་ཁྱབ་ཏུ་སྤེལ་དགོས། མིའི་རིགས་ཀྱི་ཕུལ་བྱུང་གི་དཔལ་ཡོན་གྲུབ་འབྲས་མཐའ་དག་ལ་རང་འགུལ་ངང་སློབ་སྦྱོང་དང་དཔྱད་གཞིར་བཟུང་སྟེ། གནའ་དེང་དར་ཞིང་རྒྱལ་ཁབ་ཕྱི་ནང་ཀུན་ཏུ་ཁྱབ་པའི་རིག་གནས་ཀྱི་གྲུབ་འབྲས་ཁག་ཅིག་གཏོད་དགོས་ཞེས་ནན་གྱིས་བསྟན།

མཇུག་མཐར་ཞི་ཅིན་ཕིང་གིས་རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པ་ནི། ཏང་ཡོངས་དང་སྤྱི་ཚོགས་ཡོངས་ཀྱི་ཐུན་མོང་གི་ལས་འགན་ཡིན། ཏང་ཀྲུང་དབྱང་གིས་དྲིལ་སྒྲོག་བསམ་བློ་རིག་གནས་བྱ་བར་གཅིག་སྡུད་གཅིག་གྱུར་གྱིས་མགོ་ཁྲིད་བྱེད་པར་ཤུགས་སྣོན་དང་། རིག་གནས་འཛུགས་སྐྲུན་གྱི་མགོ་ཁྲིད་དོ་དམ་སྒྲིག་སྲོལ་དང་ལམ་སྲོལ་འཐུས་ཚང་དུ་གཏོང་དགོས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་ཏན་ཏིག་བྱེད་པ་དང་། ལས་བྱེད་པ་བཀོད་སྒྲིག་དང་། ཤེས་ལྡན་མི་སྣ་གསོ་སྐྱོང་། ཐོན་ཁུངས་ལ་མ་དངུལ་གཏོང་བ་སོགས་ཀྱི་བྱ་བ་ལེགས་པོར་སྒྲུབ་པ། ཕྱོགས་སོ་སོའི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་ལ་སྐུལ་སློང་བྱས་ཏེ། རིག་གནས་ཀྱི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་སྒུལ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས་ཞེས་ནན་གྱིས་བསྟན།  

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།   

  • 顶