མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྒྱུ་རྩལ་འགྲེམས་སྟོན་པེ་ཅིན་དུ་སྤེལ་བ།

2024-10-25
1211

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ10བའི་ཚེས21ཉིན། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཞིང་ཆེན་དོ་དམ་ཅུའུ་དང་། པེ་ཅིན་གྲོང་ཁྱེར་སློབ་གསོ་ཨུ་ཡོན་ལྷན་ཁང་། མཚོ་སྔོན་ཞིང་ཆེན་སློབ་གསོ་ཐིང་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བའི་མཚོ་སྔོན་ཞིང་ཆེན་གྱི་རྒྱལ་ཁབ་སྤྱི་གླིང་སྐྱེ་ཁམས་སྒྱུ་རྩལ་འགྲེམས་སྟོན་དེ་པེ་ཅིན་གྲོང་ཁྱེར་ཏུང་ཁྲེང་ཆུས་ཧྥུའུ་ཞུའེ་ཧུའུ་ཐུང་སློབ་ཆུང་དང་། པེ་ཅིན་ཚོད་ལྟའི་སློབ་ཆུང་གཉིས་པ། པེ་ཅིན་ཧུའེ་ཝུན་སློབ་འབྲིང་བཅས་སུ་འགྲེམས་སྟོན་བྱས། 

ཐེངས་འདིའི་སྒྱུ་རྩལ་འགྲེམས་སྟོན་ནི་མཚོ་སྔོན་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་གཡུར་ཟའི་གྲུབ་འབྲས་དང། གཙང་གསུམ་འབྱུང་ཡུལ། ཀྲུང་ཧྭའི་ཆུ་ལྕོག་བཅས་ཀྱི་དམིགས་བསལ་གྱི་ཁྱད་ཆོས་ལྡན་པའི་སྐར་ཁུང་གལ་ཆེན་ཞིག་ཡིན་ལ། “དྭངས་གཙང་ཆུ་བོ་ཤར་དུ་རྒྱུག”ཅེས་པའི་གསོན་ཉམས་ལྡན་པའི་མཚོན་ཚུལ་ཞིག་ཀྱང་རེད། སྒྱུ་རྩལ་འགྲེམས་སྟོན་ཐོག་མཚོ་སྔོན་གྱི་པར་བ་དག་གིས་དབྱིན་ཇིའི་སྐྱེ་དངོས་པར་ལེན་ལོའི་འགྲན་བསྡུར་དང་། ཧོ་ཐེའི་འགྲན་བསྡུར། ཀྲུང་གོའི་རི་སྐྱེས་སྲོག་ཆགས་བརྙན་གཟུགས་ལོའི་འགྲན་བསྡུར་སོགས་རྒྱལ་སྤྱི་དང་རྒྱལ་ནང་གི་དབང་གྲགས་ལྡན་པའི་པར་ལེན་འགྲན་བསྡུར་ཆེན་མོའི་ཁྲོད་ཀྱི་བྱ་དགའ་ཐོབ་པའི་བརྩམས་ཆོས30དང་། མདོ་ལ་རི་བོའི་འདབ་ཆགས་དང་སྐྱེ་དངོས་སོགས་བརྗོད་བྱ་གཙོ་བོ་ཡིན་པའི་མཚོ་སྔོན་གྱི་གཙག་དྲུབ་བརྩམས་ཆོས100ལྷག་གཅིག་སྡུད་སྒོས་འགྲེམས་སྟོན་བྱས་ནས། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་གི་རང་བྱུང་མཛེས་ལྗོངས་དང་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་ཡུལ་སྲོལ་གོམས་འདྲིས་སོགས་གསོན་ཉམས་དོད་པོའི་ངང་མངོན་པར་བྱས།

འགྲེམས་ཞུགས་སློབ་མ་ཚོས་ཐེངས་འདིའི་བྱེད་སྒོ་བརྒྱུད་དེ། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་འོས་འདེམས་ཁུལ་གྱི་ཕུན་སུམ་ཚོགས་པའི་སྐྱེ་ཁམས་ཐོན་ཁུངས་དང་བརྗིད་ཆགས་ཡིད་དུ་འོང་བའི་རང་བྱུང་མཛེས་ལྗོངས་ཁུལ་ལ་རྒྱུས་ལོན་པ་བྱེད་པ་དང་། རྗེས་ཕྱོགས་གོ་སྐབས་ཡོད་ཚེ་ཕ་མ་དང་མཉམ་དུ་རྒྱལ་ཁབ་སྤྱི་གླིང་དུ་ཡོང་ནས་རང་བྱུང་ཁམས་ཆེན་མོའི་གསང་བ་འཚོལ་ཞིབ་བྱེད་ཐུབ་པའི་རེ་འདུན་ཡོད་ཅེས་བརྗོད། 

ཡོང་ཁུངས། : ཀྲུང་གོ་བོད་ཀྱི་དྲ་བ།   རྩོམ་པ་པོ། : བདེ་ལེགས་མཚོ་ཡིས་བསྒྱུར།   

  • 顶