ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེན་མོའི་ནང་ཞུགས་མཁན་གྱི་སློབ་མའི་འཐུས་མིར་འཕྲིན་ལན་སྤྲིངས་ནས་སྐུལ་ལྕག་གནང་བ།

2024-10-18
745

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་འམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོའི་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེན་མོའི་ནང་ཞུགས་མཁན་གྱི་སློབ་མའི་འཐུས་མིར་འཕྲིན་ལན་སྤྲིངས་ནས་ཁོང་ཚོར་བྱམས་བརྩེའི་ངང་སྐུལ་ལྕག་གནང་བ་དང་འབྲེལ་རེ་བ་ནན་པོ་བཏོན།

ཞི་ཅིན་ཕིང་གིས་བསྟན་དོན། ཁྱེད་ཚོས་འགྲན་བསྡུར་ཆེན་མོ་ལས་སྟེགས་སུ་བྱས་ནས་སློབ་ཁང་དང་ཚོད་ལྟ་ཁང་དུ་སྦྱངས་པའི་ཤེས་བྱར་བརྟེན་ནས། དངོས་ཡོད་གནད་དོན་ཐག་གཅོད་བྱེད་པ་དང་། གསར་གཏོད་ལག་ལེན་ཁྲོད་ནུས་པ་དང་འཇོན་ཐང་ཆེ་རུ་གཏོང་བ། ཕན་ཚུན་སློབ་སྦྱོང་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་ཀྲུང་གོ་དང་ཕྱི་རྒྱལ་གྱི་གཞོན་ནུའི་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་བ་བཅས་བྱེད་པར་དོན་སྙིང་ཧ་ཅང་ཆེན་པོ་ལྡན་ཡོད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། གསར་གཏོད་ནི་མིའི་རིགས་ཡར་ཐོན་གྱི་འབྱུང་ཁུངས་ཡིན་པ་དང་། གཞོན་ནུ་ནི་གསར་གཏོད་ཀྱི་སྟོབས་ཤུགས་གསར་པ་གལ་ཆེན་ཞིག་ཡིན། ཁྱེད་ཚོས་ཚན་རིག་གི་སྙིང་སྟོབས་དར་སྤེལ་བཏང་ནས་ཚན་རྩལ་གསར་གཏོད་ནང་ཧུར་ཐག་གིས་ཞུགས་ཏེ། ཀྲུང་གོ་དང་ཕྱི་རྒྱལ་གྱི་ཚན་རྩལ་སྤེལ་རེས་ལ་སྐུལ་འདེད་གཏོང་བ་དང་། ཚན་རྩལ་ཡར་ཐོན་ལ་སྐུལ་འདེད་གཏོང་ཆེད་ལང་ཚོའི་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། སྤྱི་ཚོགས་ཡོངས་ཀྱིས་གཞོན་ནུ་རྣམས་འཚར་ལོངས་དང་འཕེལ་རྒྱས་ཡོང་བར་སེམས་ཁུར་བྱེད་པ་དང་། གསར་གཏོད་དང་ལས་ལམ་གསར་འབྱེད་ཀྱི་ཁོར་ཡུག་བཟང་པོ་བསྐྲུན་ནས། རྒྱ་ཆེའི་གཞོན་ནུ་རྣམས་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱ་ཆེའི་གནམ་སའི་ཁྲོད་དུ་ཤེས་ཡོན་སྔར་ལས་ལེགས་པོར་མངོན་དུ་འཇུག་དགོས།

ཀྲུང་གོ་རྒྱལ་སྤྱིའི་སློབ་ཆེན་སློབ་མའི་གསར་གཏོད་འགྲན་བསྡུར་ཆེན་མོ་དེ་སློབ་གསོ་པུས་འབྲེལ་ཡོད་སྡེ་ཚན་དང་ཞིང་ཆེན་རིམ་པའི་མི་དམངས་སྲིད་གཞུང་གཉིས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་ཡིན་ཞིང་། དེའི་དམིགས་ཡུལ་ནི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སློབ་ཆེན་སློབ་མའི་གསར་གཏོད་ལས་གཏོད་དང་སྤེལ་རེས་མཉམ་ལས་ལ་ལས་སྟེགས་མཁོ་འདོན་བྱ་རྒྱུའི་ཆེད་རེད། ད་ལོའི་འགྲན་བསྡུར་ཆེན་མོའི་ནང་རྒྱལ་ཁབ་དང་ས་ཁུལ153གྱི་སློབ་ཆེན་སློབ་མ་ཁྲི2000ལྷག་ཞུགས་ཡོད་པའི་ནང་རྒྱལ་སྤྱིའི་སློབ་མ་ཁྲི4ཙམ་ཡོད་པ་དང་། རྟིང་རྩོད་འགྲན་བསྡུར་དེ་ཧྲང་ཧའེ་རུ་སྤེལ་བ་རེད། ཉེ་ཆར་འགྲན་བསྡུར་ནང་ཞུགས་མཁན་སློབ་མའི་འཐུས་མི25ཡིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་འཕྲིན་ཡིག་སྤྲིངས་ནས་འགྲན་བསྡུར་ནང་ཞུགས་པའི་མྱོང་ཚོར་སྙན་སེང་ཞུས་པ་མ་ཟད། གསར་གཏོད་ཀྱི་ལག་ལེན་ནང་ཞུགས་པ་དང་དུས་རབས་ཀྱི་འགན་འཁྲི་ཁུར་ཕོད་པའི་ཆོད་སེམས་ཀྱང་མཚོན་པར་བྱས་པ་རེད། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   
  • 顶