འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་ཉིང་པོ་རུ་མགོ་ཚུགས་པ་དང་ཝང་ཧུའུ་ཉིང་མགོ་རྩོམ་མཛད་སྒོར་ཞུགས་པ་མ་ཟད་ཤིས་ཚིག་གསུངས་པ།

2024-10-17
814

ཟླ10པའི་ཚེས15ཉིན། འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་ཉིང་པོ་རུ་མགོ་ཚུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་མགོ་ཚུགས་མཛད་སྒོར་ཕེབས་པ་དང་ཤིས་ཚིག་གསུངས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་ཚེས15ཉིན་ཉིང་པོ་རུ་མགོ་ཚུགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་མགོ་ཚུགས་མཛད་སྒོར་ཕེབས་པ་དང་ཤིས་ཚིག་གསུངས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས“ཕན་ཚུན་བརྗེ་རེས་ལས་དཔལ་ཡོན་ལ་འོད་མདངས་བཀྲ། དཔལ་ཡོན་ཕན་ཚུན་དཔྱད་གཞིར་འཛིན་པ་ལས་ཕུན་སུམ་ཚོགས”ཞེས་པ་དང་།“ཕན་ཚུན་བརྩི་འཇོག་དང་། ཕྱར་བ་གྲུ་འདེགས། ཞི་མཐུན་མཉམ་གནས་བཅས་ནི་མིའི་རིགས་ཀྱི་དཔལ་ཡོན་འཕེལ་རྒྱས་འགྲོ་བའི་ལམ་བུ་ཡང་དག་ཡིན”ཞེས་གསུངས་ཡོད། ཞི་བདེ་དང་འཆམ་མཐུན། ཞི་མཐུན་བཅས་ནི་ཀྲུང་ཧྭའི་དཔལ་ཡོན་དེ་ལོ་ངོ་ལྔ་སྟོང་ལྷག་གི་རིང་ཐོག་མཐའ་བར་གསུམ་དུ་རྒྱུན་འཛིན་བྱེད་པའི་འདུ་ཤེས་ཤིག་ཡིན་པ་དང་ཀྲུང་ཧྭའི་དཔལ་ཡོན་དེ་སྒོ་དབྱེའི་བསྟུན་མཁས་ལ་བརྟེན་ནས་འཛམ་གླིང་ཐོག་སྐད་གྲགས་ཆོད་ཡོད་པས། མཐུན་པ་ཡོང་ཐབས་དང་མི་མཐུན་པ་སོར་འཇོག མཐུན་ལ་མི་འདྲ་བ། བརྩི་འཇོག་དང་བསྟུན་མཁས་བཅས་དར་སྤེལ་བཏང་སྟེ། དཔལ་ཡོན་གཞན་དག་དང་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་ཁྲོད་རྒྱུན་ཆད་མེད་པར་གསོན་ཤུགས་གསར་པ་འཕེལ་བ་བྱེད་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། སྐབས་འདིའི་གླེང་སྟེགས་ཀྱིས“མཉམ་བསམ་མཉམ་སྐྱོད·ཞི་མཐུན་མཉམ་འབྲེལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པ་དང་། ཀྲུང་གོའི་ནང་བསྟན་གྱི་སྒོ་དབྱེ་བསྟུན་མཁས་མངོན་པར་བྱེད་པ་དང་། འཛམ་གླིང་གི་ནང་བསྟན་རིག་གནས་རྒྱུན་འཛིན་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། མིའི་རིགས་ཀྱི་དཔལ་ཡོན་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་རྒྱུར་ཤུགས་སྣོན་རྒྱག་པ་བཅས་ཀྱི་དངོས་མང་སྟོན་ཚོགས་གཟབ་རྒྱས་ཤིག་རེད། རྒྱ་ཆེའི་ནང་བསྟན་ལས་རིགས་ཀྱི་མི་སྣས་ནང་བསྟན་གྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་དང་། ཡར་རྒྱས་དང་དགེ་སྒྲུབ་སྟོབས་ཤུགས་གཅིག་སྒྲིལ། དུས་རབས་ཡར་ཐོན་གྱི་བླང་བྱ་དང་བསྟུན་ནས་ཆོས་ལུགས་ཀྱི་གནས་ལུགས་དང་བསྟན་དོན་འཆད་འགྲེལ་ཡག་པོ་བྱེད་པ། དཔལ་ཡོན་མི་འདྲ་བའི་དབར་སྤེལ་རེས་དང་སྐད་ཆ་ཤོད་རེས་ལ་སྐུལ་འདེད་གཏོང་བ། དད་མོས་མི་འདྲ་བ་ཞི་མཐུན་མཉམ་གནས་དར་སྤེལ་བཅས་བྱས་ཏེ། འཛམ་གླིང་ཞི་བདེ་འཕེལ་རྒྱས་དང་མིའི་རིགས་ཀྱི་དཔལ་ཡོན་ཡར་ཐོན་ཆེད་ཐུན་མོང་ཐོག་བློ་གྲོས་དང་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གོས་ཆོས་ལུགས་དད་མོས་ཀྱི་རང་དབང་སྲིད་ཇུས་ལག་ལེན་བསྟར་ནས་ཆོས་ལུགས་ལས་རིགས་ཀྱིས་རང་བཙན་རང་བདག་དང་། འདྲ་མཉམ་མཛའ་གྲོགས། ཕན་ཚུན་བརྩི་འཇོག་བཅས་ཀྱི་རྨང་གཞིའི་ཐོག་ཕྱི་ཕྱོགས་འགྲོ་འོང་བྱ་རྒྱུར་སྐུལ་ལྕག་དང་རྒྱབ་སྐྱོར་བྱེད་བཞིན་ཡོད། ཀྲུང་གོ་ནང་བསྟན་ནི་འཛམ་གླིང་ནང་བསྟན་འཕེལ་རྒྱས་སུ་གོཏང་བའི་སྐུལ་འདེད་ཀྱི་སྟོབས་ཤུགས་གཙོ་བོ་ཞིག་ཡིན་ལ། ཀྲུང་གོ་སྲིད་གཞུང་གིས་ཀྲུང་གོའི་ནང་བསྟན་ལས་རིགས་ཀྱིས་རང་འགུལ་ངང་གོ་ལ་ཧྲིལ་པོའི་ཆོས་ལུགས་དང་དཔལ་ཡོན་གྱི་སྐད་ཆ་ཤོད་རེས་ནང་ཞུགས་པར་རྒྱབ་སྐྱོར་བྱེད་པ་དང་། རྒྱལ་ཁབ་སོ་སོའི་ནང་བསྟན་ལས་རིགས་དང་མཛའ་གྲོགས་སྤེལ་རེས་བྱེད་པ། དམངས་ཁྲོད་འགྲོ་འོང་ལ་སྐུལ་འདེད་གཏོང་བ། དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱེད་ཀྱིན་ཡོད།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་འདུ་ཤེས་གལ་ཆེན་བཏོན་པ་དང་། གོ་ལ་ཧྲིལ་པོའི་འཕེལ་རྒྱས་ཀྱི་གྲོས་གཞི་དང་། གོ་ལ་ཧྲིལ་པོའི་བདེ་འཇགས་ཀྱི་གྲོས་གཞི། གོ་ལ་ཧྲིལ་པོའི་དཔལ་ཡོན་གྱི་གྲོས་གཞི་བཅས“གྲོས་གཞི་ཆེན་པོ་གསུམ”བཏོན་པ་དེས་མིའི་རིགས་ཀྱི་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུར་ཇུས་གཞི་གསར་པ་མཁོ་འདོན་དང་། མཛེས་སྡུག་ལྡན་པའི་འཛམ་གླིང་བསྐྲུན་རྒྱུར་འཆར་གཞི་གསར་པ་བཏོན་ལ། རྙོག་འཛིང་དང་མཉམ་འདྲེས་ཀྱི་འཛམ་གླིང་ལ་བརྟན་ལྷིང་རང་བཞིན་དང་གཏན་འཁེལ་རང་བཞིན། དྲང་ནུས་བཅས་བསྣན་ཡོད། ང་ཚོས་རྒྱལ་སྤྱིའི་སྤྱི་ཚོགས་དང་མཉམ་དུ་མིའི་རིགས་ཀྱི་མདུན་ལམ་ལ་བསམ་བློ་གཏོང་བ་དང་མི་དམངས་ཀྱི་བདེ་སྐྱིད་ལ་བསམ་བློ་བཏང་ནས་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པར་སྐུལ་འདེད་གཏོང་འདོད་ཡོད།

ཟླ10པའི་ཚེས15ཉིན། འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་ཉིང་པོ་རུ་མགོ་ཚུགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་མགོ་ཚུགས་མཛད་སྒོར་ཕེབས་པ་དང་ཤིས་ཚིག་གསུངས། འདི་ནི་གླེང་སྟེགས་མ་འཚོགས་པའི་སྔོན་ལ་ཝང་ཧུའུ་ཉིང་གིས་གླེང་སྟེགས་ཀྱི་སྐུ་མགྲོན་འཐུས་མིར་ཐུག་འཕྲད་གནང་བའི་ཚུལ་རེད།

གླེང་སྟེགས་མ་འཚོགས་པའི་སྔོན་ལ། ཝང་ཧུའུ་ཉིང་གིས་གླེང་སྟེགས་ཀྱི་སྐུ་མགྲོན་འཐུས་མིར་ཐུག་འཕྲད་གནང་། ཧྲི་ཐའེ་ཧྥིན་ཐུག་འཕྲད་ལ་ཞུགས་པ་མ་ཟད་མགོ་རྩོམ་མཛད་སྒོར་ཞུགས།

འཛམ་གླིང་ནང་བསྟན་གླེང་སྟེགས་སྐབས་དྲུག་པ་དེ་ཀྲུང་གོ་ནང་བསྟན་མཐུན་ཚོགས་དང་ཀྲུང་ཧྭ་ཆོས་ལུགས་རིག་གནས་བརྗེ་རེས་མཐུན་ཚོགས་ཀྱིས་གཙོ་སྒྲུབ་བྱས་ཤིང་། ཀྲེ་ཅང་རྩ་འཛུགས་ཨུ་ལྷན་གྱིས་འགན་སྒྲུབ་བྱས། རྒྱལ་ཁབ་དང་ས་ཁུལ72ནས་ཡོང་བའི་ནང་བསྟན་ལས་རིགས་ཀྱི་འཐུས་མི་དང་ཆེད་མཁས་པ་སོགས་མི800ལྷག་ཞུགས་ཡོད། གླེང་སྟེགས་སྐབས་སུ་གླེང་སྟེགས་གཙོ་བོ་དང་ཡན་ལག་གླེང་སྟེགས། སྨྱན་བྱད་གསར་བའི་གླེང་སྟེགས། བརྙན་འཕྲིན་གླེང་སྟེགས་དང་དེ་བཞིན་ནང་བསྟན་རིག་གནས་འགྲེམ་སྟོན་སོགས་ཀྱི་བྱ་འགུལ་སྤེལ་རྒྱུ་རེད། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   
  • 顶