
ཟླ10པའི་ཚེས14ཉིན། བློ་མཐུན་ཝུའུ་པང་གོ་ཡི་སྐུ་གདུང་པེ་ཅིན་པཱ་པའོ་རི་བོའི་གསར་བརྗེ་སྤྱི་བའི་བང་སོ་རུ་སྦྱིན་སྲེག་བྱས། ཞི་ཅིན་ཕིང་དང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་པཱ་པའོ་རི་བོར་ཕེབས་ནས་སྐྱེལ་མ་བྱས་པ་དང་། ཧུའུ་ཅིན་ཐའོ་ཡིས་མེ་ཏོག་ཕུལ་ནས་གདུང་སེམས་ཆེན་པོས་མྱ་ངན་ཞུས། པར་འདི་ནི་ཞི་ཅིན་ཕིང་གིས་ཝུའུ་པང་གོ་ཡི་གཉེན་ཉེ་ལ་ཕྱག་འཇུ་གནང་ནས་འཚམས་འདྲི་མཛད་བཞིན་པའི་ཚུལ་རེད།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་གུང་ཁྲན་ཏང་གི་ཕུལ་བྱུང་ཏང་ཡོན། ཡུན་རིང་ཉམས་སད་ཐེག་པའི་གུང་ཁྲན་རིང་ལུགས་ལ་བློ་དཀར་བའི་འཐབ་མོ་པ། ཕུལ་དུ་བྱུང་བའི་འབྱོར་མེད་གྲལ་རིམ་གྱི་གསར་བརྗེ་པ་དང་ཆབ་སྲིད་པ། ཏང་དང་རྒྱལ་ཁབ་ཀྱི་རྩེར་སོན་མགོ་ཁྲིད་པ། ཀྲུང་གོ་གུང་ཁྲན་ཏང་སྐབས་བཅུ་བཞི་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། སྐབས་བཅོ་ལྔ་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། སྐབས་བཅུ་དྲུག་པ་དང་སྐབས་བཅུ་བདུན་པའི་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཟུར་པ། སྐབས་བཅུ་པ་དང་སྐབས་བཅུ་གཅིག་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་བློ་མཐུན་ཝུའུ་པང་གོ་ཡི་སྐུ་གདུང་ཚེས14ཉིན་པེ་ཅིན་པཱ་པའོ་རི་བོའི་གསར་བརྗེ་སྤྱི་བའི་བང་སོ་ནས་སྦྱིན་སྲེག་བྱས།
བློ་མཐུན་ཝུའུ་པང་གོ་ལ་སྙུང་གཞི་ཕོག་ནས2024ལོའི་ཟླ10པའི་ཚེས8ཉིན་གྱི་ཆུ་ཚོད4དང་སྐར་མ36སྟེང་པེ་ཅིན་དུ་སྐུ་གཤེགས་པ་དང་དགུང་ལོ84རེད།
བློ་མཐུན་ཝུའུ་པང་གོ་ལ་སྙུང་གཞི་ཕོག་སྐབས་དང་སྐུ་གཤེགས་རྗེས་བློ་མཐུན་ཞི་ཅིན་ཕིང་དང་། ལི་ཆང་། ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི། ཧན་ཀྲིན། ཧུའུ་ཅིན་ཐའོ་སོགས་སྨན་ཁང་དུ་ཕེབས་པའམ་ཡང་ན་ཐབས་ལམ་གཞན་པར་བརྟེན་ནས་བློ་མཐུན་ཝུའུ་པང་གོ་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུས་པར་མ་ཟད་ཁོང་གི་གཉེན་ཉེར་འཚམས་འདྲི་གནང་།
ཚེས14ཉིན་གྱི་སྔ་དྲོར། པཱ་པའོ་རི་བོའི་གསར་བརྗེ་སྤྱི་བའི་བང་སོའི་ཚོམས་ཆེན་དུ་སྐྱོ་གདུང་གི་རོལ་དབྱངས་དལ་བུར་གྲགས་བཞིན་ཡོད། ཚོམས་ཁང་གི་སྟེང་རིམ་དུ་རས་གཞི་ནག་པོའི་ངོས་སུ་ཡི་གེ་དཀར་པོས་བློ་མཐུན་ཝུའུ་པང་གོ་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུ་ཞེས་བྲིས་པའི་སྦྱར་ཡིག་བཀལ་ཡོད་པ་དང་། སྦྱར་ཡིག་གི་འོག་ཏུ་བློ་མཐུན་ཝུའུ་པང་གོ་ཡི་གཤིན་པར་བཞག་ཡོད། བློ་མཐུན་ཝུའུ་པང་གོ་ཡི་སྐུ་གདུང་མེ་ཏོག་དང་ཤུག་པའི་ཤིང་ལོའི་ཁྲོད་དུ་བཞག་ཡོད་པ་དང་། ལུས་སྟེང་དུ་བཀྲག་མདངས་འཚེར་བའི་ཀྲུང་གོ་གུང་ཁྲན་ཏང་གི་ཏང་དར་བཀབ་ཡོད།
སྔ་དྲོའི་ཆུ་ཚོད9དང་སྐར་མ30ཙམ་ལ། ཞི་ཅིན་ཕིང་དང་ཀྲའོ་ལེ་ཅི། ཝང་ཧུའུ་ཉིང་། ཚའེ་ཆི། ཏིན་ཞུའེ་ཞང་། ལི་ཞི། ཧན་ཀྲིན་སོགས་མྱ་ངན་གྱི་རོལ་དབྱངས་ཁྲོད། དལ་གྱིས་བློ་མཐུན་ཝུའུ་པང་གོ་ཡི་སྐུ་གདུང་གི་མདུན་དུ་ཡོང་ནས་མྱ་ངན་ཞུས་པ་དང་། བློ་མཐུན་ཝུའུ་པང་གོ་ཡི་སྐུ་གདུང་ལ་གུས་འདུད་ལན་གསུམ་ཞུས་པར་མ་ཟད། བློ་མཐུན་ཝུའུ་པང་གོ་ཡི་གཉེན་ཉེ་རྣམས་ལ་ལག་འཇུ་བྱས་ནས་འཚམས་འདྲི་གནང་། ཧུའུ་ཅིན་ཐའོ་ཡིས་མེ་ཏོག་ཕུལ་ནས་བློ་མཐུན་ཝུའུ་པང་གོ་སྐུ་གཤེགས་པར་གདུང་སེམས་ཆེན་པོས་མྱ་ངན་ཞུས།
ཏང་དང་རྒྱལ་ཁབ་ཀྱི་འབྲེལ་ཡོད་མགོ་ཁྲིད་བློ་མཐུན་རྣམས་ཀྱིས་མྱ་ངན་ཞུ་བར་ཕེབས་པའམ་ཡང་ན་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས་མྱ་ངན་ཞུས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་དང་། བློ་མཐུན་ཝུའུ་པང་གོ་སྐུ་འཚོ་བཞུགས་སྐབས་ཀྱི་གྲོགས་པོ་དང་ཕ་ཡུལ་གྱི་འཐུས་མིའང་མྱ་ངན་ཞུ་བར་ཕེབས་ཡོད། །
འཕྲིན་སྟེགས། weikangba