ལི་ཆང་གིས་ཕ་ཁི་སི་ཐན་གྱི་དམག་ཕྱོགས་མགོ་ཁྲིད་མི་སྣར་ཐུག་འཕྲད་གནང་བ།

2024-10-16
396

ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་དབྱི་སི་ལན་པའོ་རུ་ཕ་ཁི་སི་ཐན་གྱི་ཚན་མོའུ་ཀྲང་མཉམ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ས་ཞིའར་དང་། སྐམ་དམག་ཚན་མོའུ་ཀྲང་མུའུ་ཉིའར་དང་། མཚོ་དམག་གི་ཚན་མོའུ་ཀྲང་ཨ་ཧྲི་ལ་ཧྥུའུ། མཁའ་དམག་གི་ཚན་མོའུ་ཀྲང་པ་པོར་བཅས་ལ་ཐུག་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་དབྱི་སི་ལན་པའོ་རུ་ཕ་ཁི་སི་ཐན་གྱི་ཚན་མོའུ་ཀྲང་མཉམ་འབྲེལ་ཨུ་ལྷན་གྱི་ཀྲུའུ་ཞི་ས་ཞིའར་དང་། སྐམ་དམག་ཚན་མོའུ་ཀྲང་མུའུ་ཉིའར་དང་། མཚོ་དམག་གི་ཚན་མོའུ་ཀྲང་ཨ་ཧྲི་ལ་ཧྥུའུ། མཁའ་དམག་གི་ཚན་མོའུ་ཀྲང་པ་པོར་བཅས་ལ་ཐུག་འཕྲད་གནང་།

ལི་ཆང་གིས་བསྟན་དོན། ཀྲུང་ཕའི་དབར་ཕྱི་འབྲེལ་འབྲེལ་བ་བཙུགས་པ་ནས་བཟུང་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བརྩི་འཇོག་དང་ཕན་ཚུན་རྒྱབ་སྐྱོར་བྱེད་ཀྱིན་ཡོད། དེར་རྒྱལ་སྤྱིའི་འཕོ་འགྱུར་གྱི་ཚོད་བགམ་ཐེག་ནས་སྐྱིད་སྡུག་མཉམ་མྱོང་དང་ཕན་ཚུན་ལྟ་རྟོག་བྱེད་མཁན་གྱི་སྤུན་ཟླ་ཡག་པོ་དང་རོགས་ཟླ་ཡག་པོ་ཞིག་ཏུ་གྱུར་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཕ་ཁི་སི་ཐན་གྱི་མགོ་ཁྲིད་མི་སྣའི་འཐབ་ཇུས་ཀྱི་སྣེ་ཁྲིད་འོག ཀྲུང་ཕའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་གཏིང་ཟབ་ཕྱིན་ནས། དུས་རབས་གསར་པར་དེ་བས་དམ་ཟབ་ཀྱི་ཀྲུང་ཕའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་ཕྱོགས་སུ་གོམ་སྟབས་བརྟན་པོའི་ངང་མདུན་སྐྱོད་བྱེད་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་གི་ངོས་འཛིན་གལ་ཆེན་དོན་འཁྱོལ་བྱས་ནས། འཐབ་ཇུས་མཐུན་སྦྱོར་དམ་ཟབ་ཏུ་གཏོང་བ་དང་གཉིས་ཁེ་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ། རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་སྔར་ལས་ལྷག་པར་བདེ་སྐྱིད་བསྐྲུན་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཕ་ཁི་སི་ཐན་ཕྱོགས་ཀྱིས་མཐུན་སྒྲིལ་དང་བརྟན་ལྷིང་། དར་རྒྱས། སྟོབས་ཆེན་བཅས་ཀྱི་ཕ་ཁི་སི་ཐན་ཞིག་བསྐྲུན་རྒྱུར་ཀྲུང་གོ་ཕྱོགས་ཀྱིས་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་བྱ་རྒྱུ་དང་། ཕ་ཁི་སི་ཐན་ཕྱོགས་ལ་ནུས་པས་གང་ལྕོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་མུ་མཐུད་བྱས་ཏེ། ཕ་ཁི་སི་ཐན་ཕྱོགས་དང་ཁྱབ་ཁོངས་ཁག་གི་མཉམ་ལས་སྔར་བས་གཏིང་ཟབ་ཏུ་གཏོང་འདོད་ཡོད། རྒྱལ་ཁབ་གཉིས་ཀྱི་དམག་ཕྱོགས་ཀྱིས་མཉམ་ལས་ལ་མུ་མཐུད་དུ་ཤུགས་སྣོན་བརྒྱབ་ནས། ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་མཛའ་གྲོགས་བྱ་གཞག་དང་གཉིས་ཕན་མཉམ་ལས་ལ་སྲ་ཞིང་བརྟན་པའི་འདེགས་སྐྱོར་མཁོ་འདོན་བྱ་རྒྱུའི་རེ་བ་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་རིང་ལུགས་ལ་རྡུང་རྡེག་གཏོང་བར་འབད་བརྩོན་བྱེད་པར་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ་དང་། ས་ཁུལ་དང་རྒྱལ་ཁབ་ཀྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ཤུགས་གཅིག་ཏུ་སྒྲིལ་བ། རྒྱལ་ཁབ་གཉིས་པོ་དང་ས་ཁུལ་གྱི་ཞི་བདེ་བརྟན་ལྷིང་ཐུན་མོང་ཐོག་སྲུང་སྐྱོང་བཅས་བྱེད་འདོད་ཡོད།

ཕ་ཁི་སི་ཐན་ཕྱོགས་ཀྱིས་བསྟན་དོན། ཕ་ཀྲུང་དབར་གྱི་ཟོལ་མེད་མཛའ་གྲོགས་གཏིང་ཟབ་ཏུ་གཏོང་རྒྱུ་ནི་ཕ་ཁི་སི་ཐན་གྱི་སྤྱི་ཚོགས་ལས་རིགས་ཁག་གི་ཚད་མཐོའི་ཐུན་མོང་གི་ངོས་འཛིན་ཞིག་ཡིན། ཕ་ཀྲུང་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་གྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཐོག་མཐའ་བར་གསུམ་དུ་ཕན་ཚུན་རྒྱབ་སྐྱོར་དང་ཕན་ཚུན་གཞོགས་འདེགས་བྱས་ནས། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་བྱེད་ཀྱིན་ཡོད། ཕ་ཁི་སི་ཐན་དམག་ཕྱོགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་མཉམ་ལས་བྱ་གཞག་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུ་དང་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་དེ། ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་། སྒྲིག་གཞི། རྣམ་གྲངས་བཅས་ཀྱི་བདེ་འཇགས་ལ་འགན་ལེན་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་དང་མཉམ་དུ་ཕྱོགས་གཉིས་དང་ཕྱོགས་མང་སྒྲོམ་གཞིའི་ནང་གི་འགོག་སྲུང་བདེ་འཇགས་མཉམ་ལས་ལ་ཤུགས་སྣོན་བརྒྱབ་ནས། རྒྱལ་ཁབ་གཉིས་ཀྱི་ཐུན་མོང་གི་ཁེ་ཕན་སྲུང་སྐྱོང་ཡག་པོ་བྱས་ཏེ། ས་ཁུལ་གྱི་ཞི་བདེ་དང་བརྟན་ལྷིང་། འཕེལ་རྒྱས་བཅས་ལ་སྐུལ་འདེད་གཏོང་འདོད་ཡོད།

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར། 

  • 顶