ལི་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་དང་གྲོས་མོལ་གནང་བ།

2024-10-16
359

ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལིའི་ལས་ཤག་ཏུ་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་དང་གྲོས་མོལ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས14ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཕ་ཁི་སི་ཐན་གྱི་ཙུང་ལིའི་ལས་ཤག་ཏུ་ཕ་ཁི་སི་ཐན་གྱི་ཙུང་ལི་ཞ་པ་ཚི་དང་གྲོས་མོལ་གནང་བ་རེད།

ལི་ཆང་གིས་བསྟན་དོན། ཀྲུང་གོ་དང་ཕ་ཁི་སི་ཐན་ནི་དུས་དང་དུས་ཀུན་ཅན་གྱི་འཐབ་ཇུས་མཉམ་ལས་རོགས་ཟླ་ཡིན་པས། ཕྱོགས་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་ཕན་ཚུན་བསམ་ཤེས་དང་ཕན་ཚུན་ཡིད་ཆེས། ཕན་ཚུན་རྒྱབ་སྐྱོར་བཅས་བྱེད་ཀྱིན་ཡོད། ད་ལོའི་ཟླ6པར་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཞབས་ཙུང་ལི་རྣམ་གཉིས་མཇལ་འཛོམས་གནང་ནས། ཀྲུང་ཕའི་འབྲེལ་བ་འཕེལ་རྒྱས་གཏོང་རྒྱུའི་ཐད་སྔར་བས་འཆར་འགོད་གནང་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་ཕའི་འབྲེལ་བ་དེ་རང་རྒྱལ་ཁབ་ཀྱི་ཕྱི་འབྲེལ་གྱི་གནས་བབ་གལ་ཆེན་ཐོག་བཞག་ནས། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཐུན་མོང་ངོས་འཛིན་གལ་ཆེན་དོན་འཁྱོལ་ཡག་པོ་བྱེད་པ་དང་། འཐབ་ཇུས་མཐུན་སྦྱོར་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་རྒྱག་པ། ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་གཏོང་བ། དུས་རབས་གསར་པར་མགྱོགས་མྱུར་ངང་དེ་བས་དམ་ཟབ་ཀྱི་ཀྲུང་ཕའི་ལས་དབང་གཅིག་མཐུན་ཚོགས་པ་བསྐྲུན་ནས། རང་སོ་སོའི་དེང་རབས་ཅན་དང་མི་རིགས་དར་རྒྱས་ཀྱི་བགྲོད་ལམ་ཐོག་ལག་གདང་དཔུང་སྦྲེལ་དང་བརྟན་རླིང་ངང་མདུན་སྐྱོད་བྱེད་འདོད་ཡོད།

ལི་ཆང་གིས་བསྟན་དོན། ཕ་ཁི་སི་ཐན་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་མངའ་ཁོངས་ཆ་ཚང་སྲུང་སྐྱོང་བྱེད་པ་དང་། རྒྱལ་ཁབ་དེ་གའི་གནས་ཚུལ་དང་འཚམ་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་པར་ཀྲུང་གོ་ཕྱོགས་ཀྱིས་མཐའ་གཅིག་ཏུ་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་གཏོད་རྒྱུ་ལྟེ་བར་བྱས་ཏེ་ལྕགས་ལམ་དང་གཞུང་ལམ། གྲུ་ཁ་སོགས་ཁྱབ་ཁོངས་ཀྱི་རྣམ་གྲངས་གལ་ཆེན་འཛུགས་སྐྲུན་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་བ་དང་། ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་ཤུགས་སྣོན་པ། ཞིང་ལས་དང་གཏེར་ལས། ཆ་འཕྲིན་ལག་རྩལ། ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་དངོས་བརྩོན་མཉམ་ལས་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ། ཀྲུང་ཕའི་མཉམ་ལས་གྲུབ་འབྲས་ཀྱིས་མི་དམངས་ལ་ཕན་པ་དེ་བས་ཆེན་པོ་བསྐྲུན་འདོད་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོའི་ཁེ་ལས་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་མུ་མཐུད་དུ་མཁོ་འདོན་བྱས་ནས། ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོའི་མི་སྣ་དང་སྒྲིག་གཞི། རྣམ་གྲངས་བཅས་ཀྱི་བདེ་འཇགས་ནུས་ཤུགས་ཡོད་རྒུས་འགན་ལེན་བྱ་རྒྱུའི་རེ་བ་ཡོད། ཕ་ཁི་སི་ཐན་ཕྱོགས་ཀྱིས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འཐབ་རྩོད་ལ་ཀྲུང་གོ་ཕྱོགས་ཀྱིས་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་ལ་སྐུལ་འདེད་ཧུར་ཐག་བཏང་ནས། ཕ་ཁི་སི་ཐན་ཕྱོགས་ལ་འཇིགས་སྐུལ་ངོ་རྒོལ་གྱི་ནུས་པ་འཛུགས་སྐྱོང་བྱེད་པར་ཤུགས་སྣོན་རྒྱག་རྒྱུར་རོགས་རམ་བྱེད་འདོད་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་ཕྱོགས་དང་མཉམ་དུ་ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་དམ་ཟབ་བྱས་ནས། འདྲ་མཉམ་དང་གོ་རིམ་ལྡན་པའི་འཛམ་གླིང་སྣེ་མང་ཅན་དང་། ཀུན་ཕན་ཁོང་ཡངས་ཀྱི་དཔལ་འབྱོར་གོ་ལ་ཅན་ཐུན་མོང་ཐོག་དར་སྤེལ་བཏང་སྟེ། ཨེ་ཤེ་ཡའི་ཞི་བདེ་དང་བརྟན་འཇགས་མཉམ་དུ་སྲུང་སྐྱོང་བྱེད་པ་དང་། ས་ཁུལ་གྱི་འཕེལ་རྒྱས་དང་དར་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་གཏོང་འདོད་ཡོད།

ཞ་པ་ཚིས་ཀྲུང་གོ་གུང་ཁྲན་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་རྒྱལ་ཁའི་ངང་འཚོགས་པར་རྟེན་འབྲེལ་ཞུས་པ་དང་འབྲེལ་ཀྲུའུ་ཞི་ཞི་ཅིན་ཕིང་གི་མའགོ་ཁྲིད་འོག་ཀྲུང་གོར་འཕེལ་རྒྱས་ཀྱི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པར་ཚད་མཐོའི་གདེང་འཇོག་གནང་། ཞ་པ་ཚིས་བསྟན་དོན། ཕ་ཀྲུང་དབར་གྱི་མཛའ་གྲོགས་འབྲེལ་བ་དེ་དཀའ་སྡུག་ཚད་མེད་བརྒྱུད་པ་དང་གཞོམ་ཞིག་མེད་པ་ཞིག་ཡོད་པས། ཕ་ཀྲུང་དབར་གྱི་འབྲེལ་བ་ནི་ཕ་ཁི་སི་ཐན་ཕྱི་འབྲེལ་སྲིད་ཇུས་ཀྱི་རྨང་རྡོ་ལྟ་བུ་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་བརྟན་པོར་སྲུང་ནས་ཐའེ་ཝན་དང་བོད་ལྗོངས། ཞིན་ཅང་། གྲུ་ཁ་བཅས་དང་འབྲེལ་བ་དང་། ལྷོ་རྒྱ་མཚོ་སོགས་ལྟེ་བའི་ཁེ་ཕན་གནད་དོན་ཐད་ཀྱི་ཀྲུང་གོ་ཕྱོགས་ཀྱི་ལངས་ཕྱོགས་ལ་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་གོ་ལ་ཧྲིལ་པོའི་གྲོས་གཞི་གསུམ་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ལ། དུས་ཡུན་རིང་པོའི་ནང་ཀྲུང་གོ་ཕྱོགས་ཀྱིས་ཕ་ཁི་སི་ཐན་གྱི་འཕེལ་རྒྱས་ལ་རྩ་ཆེའི་རོགས་རམ་གནང་བར་སྙིང་དབུས་ནས་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ཕ་ཁི་སི་ཐན་སྲིད་གཞུང་གིས་ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣར་ཉེ་དུས་འཇིགས་སྐུལ་འཇབ་རྒོལ་ཕོག་ནས་རྐྱེན་ལམ་དུ་ཤོར་བར་སླར་ཡང་མྱ་ངན་ཟབ་མོ་ཞུས་པ་དང་། ནུས་ཤུགས་ཡོད་རྒུས་ལག་དམར་འཛིན་བཟུང་དང་འཇིགས་སྐུལ་ལ་ངོ་རྒོལ་བྱས་ནས། ཕ་ཁི་སི་ཐན་དུ་ཡོད་པའི་ཀྲུང་གོ་ཕྱོགས་ཀྱི་མི་སྣ་དང་སྒྲིག་གཞི། རྣམ་གྲངས་བཅས་ཀྱི་བདེ་འཇགས་ལ་འགན་ལེན་བྱ་རྒྱུའི་ཁས་ལེན་བྱས་པ་ཡིན། ཕ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་གཞིའི་སྒྲོམ་གཞིའི་ནང་ཀྲུང་གོ་དང་ཕ་ཁི་སི་ཐན་གྱི་དཔལ་འབྱོར་བར་ཁྱམས་ཀྱི་རིམ་སྤོར་རྣམ་པ་གཏོད་པ་དང་། འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་ཕན་ཚུན་སྦྲེལ་མཐུད་ཇེ་མགྱོགས་སུ་གཏོང་བ། དཔལ་འབྱོར་ཚོང་དོན་དང་མ་འཇོག ཞིང་ལས། ཚན་རྩལ། གཏེར་ལས། བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཇེ་ཟབ་ཏུ་གཏོང་བ། སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་སྤེལ་རེས་གཏིང་ཟབ་ཏུ་གཏོང་བ། ཕྱོགས་མང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས། དུས་རབས་གསར་པར་སྔར་བས་དམ་ཟབ་ཀྱི་ཀྲུང་ཕ་རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་མུ་མཐུད་དུ་སྐུལ་འདེད་གཏོང་འདོད་ཡོད།

གྲོས་མོལ་མཇུག་སྒྲིལ་རྗེས་རྒྱལ་ཁབ་གཉིས་ཀྱི་ཙུང་ལི་ལྷན་དུ་ཀྲུང་ཕའི་དཔལ་འབྱོར་བར་ཁྱམས་དང་། དམངས་འཚོའི་རོགས་སྐྱོར། ཚན་རིག་ལག་རྩལ། རླུང་འཕྲིན་བརྙན་འཕྲིན། ཞིབ་བཤེར་དང་ནད་ཡམས་ཞིབ་བཤེར་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བརྗེ་རེས་ཀྱི་མཛད་སྒོར་ཞུགས་པ་རེད།

གྲོས་མོལ་མ་གནང་གོང་ཞ་པ་ཚིས་ལི་ཆང་ལ་དགའ་བསུ་ཞུ་བའི་མཛད་སྒོ་འཚོགས་པ་རེད།

འཚམས་འདྲི་གནང་རིང་ཕྱོགས་གཉིས་ཀྱིས་མཉམ་དུ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དང་ཕ་ཁི་སི་ཐན་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་ཀྱི་མཉམ་འབྲེལ་གསལ་བསྒྲགས》སྤེལ་བ་རེད། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   
  • 顶