ལི་ཆང་དང་ཡོ་ནན་གྱི་ཙུང་ལི་ཧྥན་མིང་ཀྲིན་གཉིས་ཀྲུང་གོ་དང་ཡོ་ནན་གྱི་ཁེ་ལས་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས་པ།

2024-10-15
489

ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཧི་ནེ་རུ་ཡོ་ནན་གྱི་ཙུང་ལི་ཧྥན་མིང་ཀྲིན་དང་ལྷན་དུ་ཀྲུང་གོ་དང་ཡོ་ནན་གྱི་ཁེ་ལས་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་གནས་དེ་གའི་དུས་ཚོད་ཟླ10པའི་ཚེས13ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཧི་ནེ་རུ་ཡོ་ནན་གྱི་ཙུང་ལི་ཧྥན་མིང་ཀྲིན་དང་ལྷན་དུ་ཀྲུང་གོ་དང་ཡོ་ནན་གྱི་ཁེ་ལས་འཐུས་མིའི་བཞུགས་མོལ་ཚོགས་འདུར་ཞུགས་པ་རེད།

རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱི་འཐུས་མིའི་གཏམ་བཤད་ལ་གསན་རྗེས། ལི་ཆང་གིས་བསྟན་དོན། ཉེ་བའི་ལོ་ཤས་རིང་ཕྱོགས་གཉིས་ཀྱི་ཐུན་མོང་གི་འབད་བརྩོན་འོག ཀྲུང་གོ་དང་ཡོ་ནན་གྱི་འབྲེལ་བ་བརྟན་རླིང་ངང་འཕེལ་རྒྱས་ཕྱིན་པ་དང་དངོས་བརྩོན་མཉམ་ལས་ལ་གཡུར་ཟའི་གྲུབ་འབྲས་ཐོབ་ཡོད། ཀྲུང་གོ་དང་ཡོ་ནན་ནི་སྤྱི་ཚོགས་རིང་ལུགས་ཀྱི་སྲོལ་རྒྱུན་མཛའ་གྲོགས་ཁྱིམ་མཚེས་ཤིག་ཡིན་པའི་ངོས་ནས། རང་སོ་སོའི་འཕེལ་རྒྱས་ནི་ཕན་ཚུན་གྱི་ངོས་ནས་བརྗོད་ན་གོ་སྐབས་གལ་ཆེན་ཞིག་ཡིན། དཔལ་འབྱོར་ཚོང་དོན་མཉམ་ལས་ནི་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་ཡོ་ནན་མཉམ་ལས་ཀྱི་མངོན་གསལ་དོད་པའི་བཀྲག་མདངས་འཚེར་ས་ཞིག་ཡིན་ལ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་གྱི་འབྱུང་ཁུངས་ཤིག་ཀྱང་ཡིན། འབྱུང་འགྱུར་ལ་རྒྱང་ལྟ་བྱས་ཚེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཀྱི་འཐབ་ཇུས་རྒྱུན་མཐུད་སྦྲེལ་མཐུད་དང་། ཕན་ཚུན་སྦྲེལ་མཐུད་ལ་མུ་མཐུད་དུ་ཤུགས་སྣོན་དགོས་པ་དང་། ཕན་ཚུན་ལེགས་ཆ་གསབ་རེས་རྒྱུན་མཐུད་ངང་འདོན་སྤེལ་བྱེད་དགོས་པ་མ་ཟད། དཔལ་འབྱོར་ཚོང་དོན་མཉམ་ལས་ཐད་ད་དུང་དེ་བས་ཆེ་བའི་བར་མཐོངས་རྒྱ་ཆེར་གཏོང་རྒྱུ་དང་དེ་ལས་ཆེ་བའི་མི་མངོན་པའི་སྟོབས་ཤུགས་སྔོག་འདོན་བྱེད་དགོས། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་ཀྱི་ལམ་ལུགས་གཅིག་མཚུངས་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བརྟན་པོ་ཡོད་པ་དང་། དུས་མཚུངས་སུ་ས་བབ་འབྲེལ་བ་དང་མིའི་དབར་གྱི་འབྲེལ་བ་དམ་ཟབ་ཡོད་པས“བློ་མཐུན་དང་སྤུན་ཟླའི”མཛའ་སེམས་ཟབ་མོ་ཡོད་པས། ཕྱོགས་གཉིས་ཀྱི་མཉམ་ལས་ཐད་རྨང་རྡོ་བརྟན་པོ་བཏིངས་ཡོད།

ལི་ཆང་གིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཆེད་མཁས་པ་ཚོས་འཕེལ་ཕྱོགས་ཆེན་པོར་ཧུར་ཐག་གིས་བསྟུན་པ་དང་། གོ་སྐབས་དེ་བས་དམ་འཛིན་ཡག་པོ་བྱེད་པ། མཉམ་ལས་ལ་སྔར་བས་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ། ཁེ་ལས་རང་ངོས་སྔར་ལས་འཕེལ་རྒྱས་ཆེན་པོ་ཡོང་བར་བྱེད་པ་དང་། ཀྲུང་གོ་དང་ཡོ་ནན་གྱི་ཐུན་མོང་འཕེལ་རྒྱས་ཆེད་སྟོབས་ཤུགས་ལེགས་སྐྱེས་སུ་འབུལ་རྒྱུའི་རེ་བ་ཡོད། གཅིག་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་སྦྲེལ་མཐུད་ལ་དེ་བས་རང་འགུལ་ངང་མཉམ་འདྲེས་ཐུབ་པ་བྱས་ཏེ《ས་ཁོངས་ཀྱི་ཕྱོགས་ཡོངས་ཀྱི་དཔལ་འབྱོར་རོགས་ཟླའི་འབྲེལ་བའི་གྲོས་མཐུན》(RCEP)དང་། ཀྲུང་གོ-ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་གྱི་རང་མོས་ཚོང་དོན་ཁུལ་གྱི3.0པར་གཞི་སོགས་ཕྱོགས་མང་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ཀྱི་གྲོས་མཐུན་དང་སྲིད་ཇུས་ཀྱི་ཁེ་སྤོགས་གང་ལེགས་ངང་བེད་སྤྱོད་ཡག་པོ་གཏོང་དགོས་པ་དང་། གཉིས་ནས་ཐོན་ལས་མཉམ་འདྲེས་འཕེལ་རྒྱས་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་ནས། ཕྱོགས་གཉིས་ཀྱི་མཁོ་སྤྲོད་འབྲེལ་བ་ཇེ་ཟབ་ཏུ་བཏང་སྟེ། བརྟན་ལ་མྱུར་བའི་ས་ཁོངས་སྒྲོལ་བའི་ཐོན་ལས་སྦྲེལ་ཐག་དང་མཁོ་སྤྲོད་སྦྲེལ་ཐག་གཏོད་དགོས། གསུམ་ནས་གསར་གཏོད་དང་གསར་གཏོད་ཀྱི་མཉམ་ཤུགས་གཅིག་སྡུད་བྱས་ནས། ཐོན་སློབ་ཞིབ་སྤྱོད་བཅས་ཀྱི་སྦྲེལ་ཐག་ཧྲིལ་པོའི་གསར་གཏོད་མཉམ་ལས་ལ་ཤུགས་སྣོན་རྒྱག་པ་དང་། ལྷག་པར་དུ་དྭངས་གཙང་ནུས་རྒྱུ་དང་། སྐྱེ་དངོས་སྨན་དང་སྨན་རྫས། མིའི་ཐབས་རིག་ནུས་སོགས་ཁྱབ་ཁོངས་ལ་དེ་བས་དོ་ཁུར་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་ཐུན་མོང་ཐོག་སྐྱེད་སྲིང་དང་སྟོབས་ཆེར་གཏོང་དགོས།

ཧྥན་མིང་ཀྲིན་གྱིས་བསྟན་དོན། ཏང་གཉིས་དང་རྒྱལ་ཁབ་གཉིས་ཀྱི་ཆེས་མཐོའི་མགོ་ཁྲིད་མི་སྣའི་སྣེ་ཁྲིད་འོག་ཡོ་ཀྲུང་འབྲེལ་བ་ཉིན་རེ་བཞིན་ཇེ་ཟབ་ཏུ་དང་ཏན་ཏིག་ཏུ་ཕྱིན་ནས། ཡོ་ཀྲུང་གི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་པའི་དུས་རབས་གསར་པར་སླེབས་ཡོད། ཀྲུང་གོ་ནི་ཡོ་ནན་གྱི་ཚོང་དོན་རོགས་ཟླ་ཆེ་ཤོས་དང་ཡོ་ནན་ནི་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ནང་གི་ཀྲུང་གོའི་ཚོང་དོན་རོགས་ཟླ་ཆེ་ཤོས་ཡིན་པ་དང་། དཔལ་འབྱོར་ཚོང་དོན་མཉམ་ལས་དེ་རྒྱལ་ཁབ་གཉིས་ཀྱི་མཛའ་གྲོགས་འབྲེལ་བའི་བཀྲག་མདངས་འཚེར་ས་དང་ཀ་རྟེན་གལ་ཆེན་ཞིག་ཏུ་གྱུར་ཡོད། ཡོ་ནན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་གཉིས་ཕན་མཉམ་རྒྱལ་གྱི་སྙིང་སྟོབས་ཐོག་ནས་ལེགས་ཆ་ཕན་ཚུན་ཁ་གསབ་སྔར་བས་འདོན་སྤེལ་བྱེད་པ་དང་། མི་མངོན་པའི་སྟོབས་ཤུགས་སྔོག་འདོན་གང་ལེགས་བྱེད་པ། ཁེ་ལས་ཀྱི་མཉམ་ལས་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ། དངུལ་རྩ་དང་། ཚན་རྩལ། མ་འཇོག འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད། གྲངས་གཞིའི་དཔལ་འབྱོར། ལྗང་མདོག་དཔལ་འབྱོར། ཐོན་སྤྲོད་འབྲེལ་ཐག་སྦྲེལ་མཐུད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་སྐུལ་འདེད་བཏང་ནས། ས་ཁོངས་དཔལ་འབྱོར་གཞི་གཅིག་ཅན་གྱི་སྒྲོམ་གཞིའི་ནང་གི་མཉམ་ལས་ལ་ཤུགས་སྣོན་རྒྱག་འདོད་ཡོད། ཡོ་ནན་སྲིད་གཞུང་གིས་ཁེ་ལས་ལ་ཚོང་གཉེར་གྱི་ཁོར་ཡུག་བཟང་པོ་མུ་མཐུད་དུ་མཁོ་འདོན་བྱ་རྒྱུ་ཡིན་ལ། ཀྲུང་གོའི་ཁེ་ལས་ཀྱིས་ཡོ་ནན་ལ་མ་འཇོག་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་རྒྱུར་དགའ་བསུ་ཞུ་རྒྱུ་ཡིན། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ཀྱིས་འབྲེལ་མཐུད་ལ་ཤུགས་སྣོན་ཧུར་ཐག་བརྒྱབ་སྟེ། རྒྱལ་ཁབ་གཉིས་ཀྱི་དངོས་བརྩོན་མཉམ་ལས་གཏིང་ཟབ་ཏུ་འགྲོ་རྒྱུར་ཐུན་མོང་ཐོག་སྐུལ་འདེད་གཏོང་བ་དང་། ཕྱོགས་གཉིས་ཀྱི་འབྲེལ་བ་དང་ཡོ་ཀྲུང་རྒྱལ་ཁབ་གཉིས་ཀྱི་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏོང་རྒྱུའི་རེ་སྒུག་བྱེད་ཀྱིན་ཡོད།

ཚོགས་ཞུགས་ཁེ་ལས་ཀྱི་འཐུས་མིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་མཐོ་ཤོས་ཀྱི་འཐབ་ཇུས་སྣེ་ཁྲིད་ཀྱིས་ཀྲུང་གོ་དང་ཡོ་ནན་གྱི་དཔལ་འབྱོར་ཚོང་དོན་མཉམ་ལས་ལ་སྒུལ་ཤུགས་ཆེན་པོ་བསྣན་པ་དང་།“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་གྲོས་གཞི་དེ“བར་ཁྱམས་གཉིས་དང་ར་བ་གཅིག”གི་འཐབ་ཇུས་དང་ཚད་མཐོའི་གཅིག་མཐུན་བྱུང་ཡོད། རྒྱལ་ཁབ་གཉིས་ཀྱི་ཚོང་དོན་ལས་རིགས་ཀྱིས་ཕན་ཚུན་གྱི་ཁྲོམ་རའི་འཕེལ་རྒྱས་ཀྱི་མདུན་ལམ་ལ་ལྟ་སྟངས་ཡག་པོ་འཛིན་པ་དང་། མཉམ་ལས་གཏིང་ཟབ་ཏུ་གཏོང་རྒྱུར་ཡིད་ཆེས་བརྟན་པོ་བཅངས་ནས། གོ་སྐབས་དམ་འཛིན་གྱིས་དངུལ་རྩ་དང་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན། གྲངས་གཞིའི་དཔལ་འབྱོར། ལྗང་མདོག་ནུས་རྒྱུ། འཕྲིན་གཏོང་། ཟོག་འགྲེམས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་དེ་རིམ་པ་དེ་བས་ཟབ་པ་དང་ཆུ་ཚད་དེ་བས་མཐོ་བའི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་འདོད་ཡོད། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  
  • 顶