ཀྲའོ་ལེ་ཅི་ཡིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཆེས་མཐོའི་གྲོས་ཁང་གི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ནཱ་ཨར་པ་ཡེ་ཝ་དང་གྲོས་མོལ་གནང་བ།

2024-09-29
275

ཟླ9པའི་ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིན་མི་དམངས་ཚོགས་ཁང་ཆེན་མོ་རུ་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཆེས་མཐོའི་གྲོས་ཁང་གི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ནཱ་ཨར་པ་ཡེ་ཝ་དང་གྲོས་མོལ་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9ཚེས27ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཀྲའོ་ལེ་ཅི་ཡིས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོ་རུ་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཆེས་མཐོའི་གྲོས་ཁང་གི་གྲོས་ཞུགས་ཁང་གི་ཀྲུའུ་ཞི་ནཱ་ཨར་པ་ཡེ་ཝ་དང་གྲོས་མོལ་གནང་།

ཀྲའོ་ལེ་ཅི་ཡིས་བསྟན་དོན། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གཉིས་ནི་ཕན་ཚུན་ཡིད་རྟོན་གྱི་གྲོགས་པོ་བཟང་པོ་དང་། མཛད་འཕྲིན་སྤེལ་རེས་ཀྱི་ཟླ་གྲོགས་བཟང་པོ་ཡིན། ཀྲུའུ་ཞི་ཞི་ཅིན་ཕིང་དང་ཙུང་ཐུང་མཱིས་ཨར་ཅི་ཡུའེ་ཡེ་ཧྥུའུ་གཉིས་ཀྱི་འཐབ་ཇུས་སྣེ་ཁྲིད་འོག རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་མྱུར་དུ་འཕེལ་རྒྱུས་བྱུང་ཡོད། ད་ལོའི་ཟླ1པོ་དང་ཟླ7པར། རྒྱལ་ཁབ་གཉིས་ཀྱི་མགོ་གཙོས་ཐེངས་གཉིས་ལ་གྲོས་མོལ་གནང་སྟེ། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་འབྲེལ་བ་རྒྱུན་མཐུད་བདེ་ཐང་ངང་འཕེལ་རྒྱས་འབྱུང་བར་སྐུལ་འདེད་གཏོང་ཆེད་ཐུན་མོང་ངོས་འཛིན་གལ་ཆེན་གསར་དུ་བཏོན་ནས། རྒྱལ་ཁབ་གཉིས་ཀྱི་ཕྱོགས་སོ་སོའི་མཉམ་ལས་ལ་སྒུལ་ནུས་སྟོབས་ལྡན་བསྣན་ཡོད།

ཀྲའོ་ལེ་ཅི་ཡིས་བསྟན་དོན། རྒྱལ་སྤྱིའི་དུས་བབ་ལ་འགྱུར་ལྡོག་ཇི་འདྲ་བྱུང་རུང་ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་བདག་དབང་དང་བདེ་འཇགས། འཕེལ་རྒྱས་ཀྱི་ཁེ་ཕན་བཅས་ལ་སྲུང་སྐྱོང་བྱ་རྒྱུར་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱ་རྒྱུ་ཡིན། ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་གནད་དོན་ཐད་ཀྱང་ཀྲུང་གོ་ཕྱོགས་ལ་སྔར་བཞིན་བློ་བརྟན་འགྱུར་མེད་ངང་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུའི་ཡིད་ཆེས་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་དཔལ་འབྱོར་ཚོང་དོན་དང་དངུལ་གཏོང་། ལྗང་མདོག་ནུས་རྒྱུ། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་སོགས་ཁྱབ་ཁོངས་ཁག་གི་མཉམ་ལས་རྒྱ་ཆེར་བཏང་ནས་མགྱོགས་མྱུར་ངང་ཀྲུང་གོ་དང་ཅི་ཨར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་བར་གྱི་ལྕགས་ལམ་འཛུགས་སྐྲུན་སྐུལ་འདེད་གཏོང་དགོས། རིག་གནས་དང་ཡུལ་སྐོར། སློབ་གསོ་སོགས་ཀྱི་ཐད་སྤེལ་རེས་གཏིང་ཟབ་བྱས་ནས་དམངས་སེམས་གཅིག་མཐུན་ཡོང་བར་སྐུལ་འདེད་གཏོང་དགོས། བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བ་དང་ཕྱི་རོལ་གྱི་ཐེ་ཇུས་ལ་ངོ་རྒོལ་བྱས་ཏེ། རྒྱལ་ཁབ་གཉིས་དང་ས་ཁུལ་གྱི་ཞི་བདེ་དང་། བདེ་འཇགས། བརྟན་ལྷིང་བཅས་ལ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་དགོས། གོ་ལ་ཧྲིལ་པོའི་གྲོས་་གཞི་ཆེན་པོ་གསུམ་ཐུན་མོང་ཐོག་ལག་ལེན་བསྟར་ནས་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་དེ་བས་དྲང་གཞག་དང་ལུགས་མཐུན་གྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་དགོས།

ཀྲའོ་ལེ་ཅི་ཡིས་ནན་གྱིས་བསྟན་དོན། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་གྱིས་ཝུའུ་ཙི་པེ་ཁི་སི་ཐན་གྱི་ཆེས་མཐོའི་གྲོས་ཁང་དང་མཉམ་དུ། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་བར་གྱི་ཐུན་མོང་ངོས་འཛིན་དངོས་འབེབས་བྱེད་པ་སྣེ་ཁྲིད་དུ་བྱས་ཏེ། ཁྲིམས་འཛུགས་ལས་ཁུངས་ཀྱི་ཁྱད་ལྡན་དགེ་མཚན་འདོན་སྤེལ་བྱེད་པ་དང་། མཐོ་རིམ་བར་གྱི་འཚམས་འདྲིའི་འགྲོ་འོང་གི་ཁ་ཕྱོགས་བཟང་པོ་སྲུང་འཛིན་བྱས་ནས། ཕྱོགས་གཉིས་ཀྱི་མཛའ་འབྲེལ་ཚན་ཆུང་དང་ཆེད་དོན་ཨུ་ཡོན་ལྷན་ཁང་། དམངས་ཆེན་འཐུས་མི་དང་གྲོས་མིའི་བར་གྱི་བརྗེ་རེས་འགྲོ་འོང་ཇེ་ཟབ་ཏུ་གཏོང་རྒྱུ་ཡིན། ཁྲིམས་སྐྱོང་འཛུགས་སྐྲུན་དང་དཔལ་འབྱོར་འཕེལ་རྒྱས། དམངས་འཚོ་ལེགས་བཅོས་སོགས་ཀྱི་ཆེད་དོན་ལ་དམིགས་ཏེ་ཁ་བརྡ་བརྗེ་རེས་བྱེད་རྒྱུ་ཡིན། ཕྱོགས་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཕན་ཐོགས་ཡོད་པའི་བཅའ་ཁྲིམས་ཡིག་ཆར་བཟོ་བཅོས་དང་དུས་ལྟར་ཆོག་མཆན་འགོད་དགོས། མི་ཆོས་དང་ས་གནས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་རྒྱ་བསྐྱེད་དེ། རྒྱལ་ཁབ་གཉིས་ཀྱི་སྤྱི་ཚོགས་མཛའ་འབྲེལ་དང་དམངས་འདོད་རྨང་གཞི་ཇེ་བརྟན་དུ་བཏང་ནས། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་དུས་རབས་གསར་པའི་ཡོངས་ཁྱབ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་སྐུལ་འདེད་གཏོང་བ་དང་། ཀྲུང་གོ་དང་ཝུའུ་ཙི་པེ་ཁི་སི་ཐན་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན།

ཀྲའོ་ལེ་ཅི་ཡིས་ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་མཛད། ཁོང་གིས་ཀྲུང་གོ་ཕྱོགས་ཀྱིས་ཝུའུ་ཙི་པེ་ཁི་སི་ཐན་ཕྱོགས་དང་མཉམ་དུ་བཅོས་སྒྱུར་སྒོ་འབྱེད་ཀྱི་ཉམས་མྱོང་བརྗེ་རེས་དང་ཕན་ཚུན་དཔེ་ལྟ་བྱེད་པར་ཤུགས་བསྣན་ནས། འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་དང་གཉིས་ཕན་མཉམ་རྒྱལ་མངོན་འགྱུར་བྱེད་རྒྱུའི་ཚུལ་བསྟན།

ནཱ་ཨར་པ་ཡེ་ཝ་ཡིས་བསྟན་དོན། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་དངོས་སུ་སྐུལ་འདེད་བྱས་འོག ཝུའུ་ཙི་པེ་ཁི་སི་ཐན་དང་ཀྲུང་གོའི་དུས་རབས་གསར་པའི་ཡོངས་ཁྱབ་ཁྱོན་ཡོངས་འཐུབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་ཆད་མེད་པར་འཕེལ་རྒྱས་བྱུང་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་འཁོར75ལོན་པར་རྟེན་འབྲེལ་ཞུ། ཝུའུ་ཙི་པེ་ཁི་སི་ཐན་གྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བརྟན་པོ་བྱེད་པ་དང་། ཀྲུང་གོའི་སྲོག་ཤིང་ཁེ་ཕན་ལ་རྒྱབ་སྐྱོར་བརྟན་པོ་བྱས་ཏེ། ཀྲུང་གོ་ཕྱོགས་དང་མཉམ་དུ་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་དང་། དཔལ་འབྱོར་དང་མཉམ་སྒུལ་མཉམ་འབྲེལ། མི་ཆོས་དང་བདེ་འཇགས་སོགས་ཁྱབ་ཁོངས་སོ་སོའི་མཉམ་ལས་ཇེ་ཟབ་ཏུ་བཏང་ནས་ཀྲུང་གོ་དང་ཅི་ཨར་ཅི་སི་སི་ཐན། ཝུའུ་ཙི་པེ་ཁི་སི་ཐན་བཅས་ཀྱི་ལྕགས་ལམ་འཛུགས་སྐྲུན་མགོ་རྩོམ་རྒྱུ་ཡིན། ཝུའུ་ཙི་པེ་ཁི་སི་ཐན་གྱི་གྲོས་ཞུགས་གླིང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་མཛའ་བརྩེའི་འབྲེལ་བ་དང་ཁྲིམས་འཛུགས་མཉམ་ལས་ལ་ཤུགས་སྣོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་བྱས་རྗེས་འཇོག་འདོད་ཡོད།

ཀྲང་ཆིན་ཝེ་གྲོས་མོལ་ལ་ཞུགས།  །


  • 顶