ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར75རིང་སློབ་གསོའི་བཅོས་སྒྱུར་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་བཏང་བ།

2024-09-25
333

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས24ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུའུ་ཡིས་ཀྲུང་གོ་གསར་པ་བཙུགས་ནས་ལོ་འཁོར75རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱི་རིམ་སྤེལ་སྙན་ཞུའི་དོན་ཚན20ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ75རིང་ལ། རང་རྒྱལ་གྱི་སློབ་གསོའི་བྱ་གཞག་ལ་འཛམ་གླིང་ཡོངས་ཀྱིས་བརྩི་མཐོང་བྱེད་པའི་གྲུབ་འབྲས་ཧ་ཅང་ཆེན་པོ་ཐོབ་པ་དང་། ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོའི་མ་ལག་ཟམ་མི་ཆད་པར་འཐུས་ཚང་དུ་སོང་ཞིང་། མི་གྲངས་དུང་ཕྱུར14ལ་སྔར་ལས་ལེགས་པ་དང་སྔར་ལས་དྲང་སྙོམས་ཀྱི་སློབ་གསོ་ལོངས་སུ་སྤྱོད་རྒྱུ་ཡོད་པ་རིམ་བཞིན་དོན་དངོས་སུ་གྱུར་ཏེ། རིམ་པ་མང་བ་དང་ཁྱབ་ཁོངས་ཡངས་པ། ཕྱོགས་ཡོངས་བཅས་ཀྱི་སློབ་གསོ་ཕྱི་ཕྱོགས་སུ་སྒོ་འབྱེད་པའི་གནས་སྟངས་གཞི་རྩའི་ཆ་ནས་ཆགས་ཡོད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རང་རྒྱལ་གྱི་སློབ་གསོ་ཁྱབ་གདལ་གཏོང་ཚད་མཐོ་རུ་ཕྱིན་པ་དང་། སློབ་གསོ་སྒྱུར་བཅོས་ལ་གསོན་ཤུགས་གསར་པ་འཕེལ་ནས། སློབ་གསོའི་སྟོབས་ཆེའི་རྒྱལ་ཁབ་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་ནུས་ལྡན་བཏང་སྟེ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་གལ་ཆེན་མཁོ་འདོན་བྱས་ཡོད།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ75རིང་ལ། རིམ་པ་ཁག་གི་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་ལ་ལོ་རྒྱུས་རང་བཞིན་གྱི་མཆོང་སྐྱོད་མངོན་འགྱུར་བྱུང་ཡོད། སློབ་སྔོན་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་མགྱོགས་མྱུར་ངང་མཐོ་རུ་ཕྱིན་ཞིང་། 1950ལོར་རང་རྒྱལ་གྱི་སློབ་སྔོན་སློབ་གསོའི་སློབ་ཞུགས་ཚད0.4%ལས་ཟིན་མེད་པ་དང་། 2023ལོར91.1%ཟིན་ནས་བརྒྱ་ཆའི་ཚེག90.7འཕར་ཡོད། འོས་འགན་སློབ་གསོ་ཁྱབ་གདལ་གཏོང་ཚད་ཆེས་ཆེར་མཐོ་རུ་ཕྱིན་ཞིང་། 2023ལོར་རྒྱལ་ཡོངས་སུ་འོས་འགན་སློབ་གསོའི་དུས་མཚམས་ཀྱི་སློབ་གྲྭར་ཡོད་མུས་ཀྱི་སློབ་མ་ཁྱོན་དུང་ཕྱུར1.6ཡོད། མཐོ་རིམ་སློབ་གསོ་ཁྱབ་གདལ་གཏོང་བའི་ཆུ་ཚད་མཆོང་སྐྱོད་བྱུང་བ་སྟེ། 2023ལོར། རྣམ་པ་སྣ་ཚོགས་ཀྱི་མཐོ་རིམ་སློབ་གསོ་སློབ་སྦྱོང་བྱེད་མཁན་གྱི་སྤྱིའི་གཞི་ཁྱོན་མི་ཁྲི4763ཡིན་པ་དེ1949ལོ་དང་བསྡུར་ན་ལྡབ406འཕར་ཡོད།

སློབ་གསོའི་ཞབས་ཞུ་སྔར་བས་དྲང་སྙོམས་དང་ཡོངས་ཁྱབ་ཏུ་གྱུར་ནས། སློབ་གསོ་ཆ་སྙོམས་ཅན་དུ་འགྱུར་བར་སྐུལ་འདེད་ཏན་ཏིག་བཏང་ཡོད། ཀུན་ཕན་རང་བཞིན་གྱི་སློབ་སྔོན་སློབ་གསོའི་ཁྱབ་རྒྱ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ནས2023ལོར་རྒྱལ་ཡོངས་སུ་བསྡོམས་པས་ཀུན་ཕན་རང་བཞིན་གྱི་བུ་བཅོལ་ཁང་ཁྲི23.6ཡོད་པ་དེས་བུ་བཅོལ་ཁང་གི་བསྡོམས་འབོར་གྱི86.2%ཟིན་ཡོད་པ་རེད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འོས་འགན་སློབ་གསོའི་ཧེ་བག་རིམ་བཞིན་ཇེ་ཆུང་དུ་ཕྱིན་ནས། 2017ལོར《རྫོང་ཁོངས་ཀྱི་འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་འཕེལ་རྒྱས་ལ་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་བྱ་ཐབས》ཁྱབ་བསྒྲགས་བྱས་པ་དང་། 2021ལོའི་ལོ་མཇུག་བར་ཏུ་རྒྱལ་ཡོངས་ཀྱི་ཞིང་ཆེན(རང་སྐྱོང་ལྗོངས་དང་ཐད་གཏོགས་གྲོང་ཁྱེར)ཁག་ཚང་མར་རྒྱལ་ཁབ་ཀྱི་འོས་འགན་སློབ་གསོ་གཞི་རྩའི་དོ་སྙོམས་འཕེལ་རྒྱས་ལ་ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་དཔོག་ཁས་ལེན་ཐོབ།

ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ75རིང་། རང་རྒྱལ་གྱི་ཤེས་ལྡན་མི་སྣ་གསོ་སྐྱོང་གི་གྲུབ་འབྲས་མངོན་གསལ་དོད་པོ་ཡིན་པ་དང་། རྒྱལ་དམངས་ཀྱི་རིག་གནས་བྱང་ཚད་ཁྱོན་ཡོངས་ནས་མཐོ་རུ་ཕྱིན་ལ། མི་འབོར་གྱི་བྱང་ཚད་བརྟན་རླིང་ངང་ཇེ་མཐོར་སོང་ནས། ངལ་རྩོལ་པའི་བྱང་ཚད་ཀྱི་གྲུབ་ཆ་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད། 2023ལོར་རང་རྒྱལ་གྱི་ངལ་རྩོལ་ལོ་ཚད་ལ་སླེབས་པའི་མི་འབོར་གྱི་ཆ་སྙོམས་སློབ་གསོ་ཐོབ་པའི་ལོ་ཚད་ནི་ལོ11.05ཡིན་པ་དེ1982ལོ་ལས་ལོ3འཕར་ཡོད། རང་རྒྱལ་གྱི་གསར་འཕར་ངལ་རྩོལ་པས་ཆ་སྙོམས་སློབ་གསོ་དང་ལེན་བྱེད་པའི་ལོ་ཚད་ལོ14ཡིན་པ་དང་མཐོ་རིམ་སློབ་གསོ་དང་ལེན་བྱེད་མཁན་མི་དུང་ཕྱུར2.5ཟིན་ཡོད།

ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན།“སློབ་གསོ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བཟོ་འགོད”ལག་ལེན་བསྟར་བ་བརྒྱུད། མཐོ་སློབ་ཀྱི“རྩེ་གྲ་གཉིས”ཀྱི་འཛུགས་སྐྲུན་དང་། དབུས་ནུབ་རྒྱུད་ཀྱི་མཐོ་སློབ་ཀྱི་རྨང་གཞིའི་ནུས་པ་འཛུགས་སྐྱོང་། རང་བརྟེན་གསར་གཏོད་ནུས་པ་འཛུགས་སྐྱོང་བཅས་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ཡོད། 1949ལོར། རང་རྒྱལ་གྱི་ཞིབ་འཇུག་སློབ་མའི་མི་གྲངས629མ་གཏོགས་མེད། 2023ལོར་སློབ་སྦྱོང་བྱེད་བཞིན་པའི་ཞིབ་འཇུག་སློབ་མ་ཁྲི388ཡོད་པའི་ནང་འབུམ་རམས་པ་དང་རབ་འབྱམས་པའི་སློབ་མ་ཁྲི61དང་ཁྲི327ཡོད། 

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།   
  • 顶