
ཟླ9ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཅི་ནན་རུ2024ལོའི་རྒྱལ་སྤྱིའི་ཞི་བདེ་ཉིན་མོའི་རྗེས་དྲན་བྱེད་སྒོའི་མགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།
ཟླ9ཚེས19ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཧན་ཀྲིན་ཅི་ནན་རུ2024ལོའི་རྒྱལ་སྤྱིའི་ཞི་བདེ་ཉིན་མོའི་རྗེས་དྲན་བྱེད་སྒོའི་མགོ་རྩོམ་མཛད་སྒོར་ཞུགས་ནས་ཤིས་ཚིག་ཕུལ།
ཧན་ཀྲིན་གྱིས་ཀྲུང་གོ་སྲིད་གཞུང་གི་ཚབ་བྱས་ཏེ་ཐེངས་འདིའི་རྒྱལ་སྤྱིའི་ཞི་བདེ་ཉིན་མོའི་རྗེས་དྲན་བྱེད་སྒོར་རྟེན་འབྲེལ་ཞུས་པ་དང་། མིག་སྔར་ལོ་བརྒྱའི་འགྱུར་ལྡོག་གི་མྱུར་ཚད་ཇེ་མགྱོགས་སུ་སོང་བ་དང་། འཛམ་གླིང་དེ་འགྱུར་ལྡོག་དུས་སྐབས་གསར་པ་ཞིག་ཏུ་བསླེབས་ཡོད་པས། གཏན་འཇགས་མིན་ལ་ངེས་གཏན་མེད་ཅིང་། སྔོན་དཔག་དཀའ་བའི་རྒྱུ་རྐྱེན་ཇེ་མང་དུ་འགྲོ་བཞིན་ཡོད། མིའི་རིགས་སྤྱི་ཚོགས་ཀྱི་འཕྲད་མྱོང་མེད་པའི་འགྲན་རྩོད་ལ་ཁ་གཏད་དེ། ཀྲུའུ་ཞི་ཞི་ཅིན་ཕིང་གིས་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པའི་འདུ་ཤེས་གལ་ཆེན་དང་འཛམ་གླིང་འཕེལ་རྒྱས་གྲོས་གཞི་དང་། འཛམ་གླིང་བདེ་འཇགས་གྲོས་གཞི། འཛམ་གླིང་དཔལ་ཡོན་གྲོས་གཞི་བཅས་བཏོན་ནས། འཛམ་གླིང་ཞི་བདེའི་འཕེལ་རྒྱས་དང་ཐུན་མོང་དར་རྒྱས་ལ་སྐུལ་འདེད་གཏོང་ཆེད་ཡིད་ཆེས་དང་སྒུལ་ཤུགས་གནང་ཡོད་ཅེས་བསྟན།
ཧན་ཀྲིན་གྱིས་མིའི་རིགས་སའི་གོ་ལ་གཅིག་གི་སྟེང་དུ་འཚོ་བཞིན་ཡོད་པས། ཞི་བདེ་དང་འཕེལ་རྒྱས། མཉམ་ལས། མཉམ་རྒྱལ་བཅས་ནི་འགོག་ཐབས་མེད་པའི་དུས་རབས་ཀྱི་བཞུར་རྒྱུན་ལྟ་བུ་ཡིན། ལས་དབང་གཅིག་མཐུན་རྒྱུན་འཁྱོངས་བྱས་ཏེ། ལོ་རྒྱུས་བཞུར་རྒྱུན་གྱི་ཁ་ཕྱོགས་ཡང་དག་དང་བསྟུན་ནས། མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པ་འཛུགས་པར་མཉམ་ཤུགས་ཆེན་པོ་གཅིག་སྡུད་བྱེད་དགོས། འཛམ་གླིང་འཕེལ་རྒྱས་གྲོས་གཞི་ལག་བསྟར་བྱས་ཏེ། ཐུན་མོང་འཕེལ་རྒྱས་རྒྱུན་འཁྱོངས་དང་། འཛམ་གླིང་རྒྱལ་ཁབ་སོ་སོ་དང་ལྷག་པར་འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཁེ་དབང་ལ་བརྩི་འཇོག་བྱས་ནས། རང་སོ་སོའི་རྒྱལ་ཁབ་དེང་རབས་ཅན་གྱི་བགྲོད་ལམ་སྟེང་ལག་རྡང་མཉམ་སྦྲེལ་གྱིས་མདུན་སྐྱོད་ཐུབ་པར་སྐུལ་འདེད་གཏོང་དགོས། འཛམ་གླིང་བདེ་འཇགས་གྲོས་གཞི་ལག་བསྟར་བྱས་ཏེ། ཞི་བདེའི་མཉམ་གནས་རྒྱུན་འཁྱོངས་དང་། ཡོངས་ཁྱབ་བདེ་འཇགས་ཀྱི་རྒྱལ་སྤྱིའི་ཁོར་ཡུག་ཅིག་བསྐྲུན་ནས་འཛམ་གླིང་དུས་བདེ་ཞོལ་འཇགས་ཡོང་བར་སྔར་ལས་ནུས་ཡོད་ཀྱིས་སྲུང་སྐྱོབ་བྱེད་དགོས། འཛམ་གླིང་དཔལ་ཡོན་གྲོས་གཞི་ལག་བསྟར་བྱས་ཏེ། བརྗེ་རེས་དཔེ་ལྟ་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་ཞི་བདེ་ཡོང་བར་སྲུང་སྐྱོབ་དང་། རྒྱལ་ཁབ་སོ་སོ་འཆམ་མཐུན་ཡོང་བར་སྐུལ་འདེད་གཏོང་ཆེད་བརྟན་བརླིང་གི་རིག་གནས་སྟོབས་ཤུགས་ཁ་སྣོན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཧན་ཀྲིན་གྱིས་བསྟན་དོན། ཀྲུང་ཧྭ་མི་རིགས་ནི་ཞི་བདེ་ལ་དགའ་བའི་མི་རིགས་ཤིག་དང་། ཀྲུང་ཧྭའི་དཔལ་ཡོན་ལ་ཞི་བདེའི་རང་བཞིན་གྱི་འབུར་ཐོན་ཁྱད་ཆོས་ལྡན་ཞིང་། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་ཞི་བདེ་འཕེལ་རྒྱས་ཀྱི་བགྲོད་ལམ་དུ་བསྐྱོད་པའི་དེང་རབས་ཅན་ཡིན། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་རྒྱུན་ལས་ལས་འཛིན་རྒྱལ་ཁབ་དང་འཛམ་གླིང་གི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁོངས་གཏོགས་རྒྱལ་ཁབ་གལ་ཆེན་ཡིན་པའི་ཆ་ནས། ཀྲུང་གོས་འདྲ་མཉམ་དང་གོ་རིམ་ཡོད་པའི་སྒོ་ནས་འཛམ་གླིང་སྣེ་མང་ཅན་དང་སྤྱི་ཕན་བཟོད་སྒོམ་གྱི་དཔལ་འབྱོར་འཛམ་གླིང་ཅན་ཤུགས་ཆེན་པོས་དར་སྤེལ་གཏོང་བ་དང་། འཛམ་གླིང་ཞི་བདེའི་སྲུང་སྐྱོང་མཁན་དང་འཛམ་གླིང་འཕེལ་རྒྱས་ཀྱི་སྐུལ་འདེད་མཁན་བརྟན་པོ་ཞིག་བྱས་ནས། འཛམ་གླིང་གི་རྒྱལ་ཁབ་སོ་སོ་དང་མཉམ་དུ་ཞི་བདེ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ལག་རྡང་མཉམ་སྦྲེལ་གྱིས་སྔར་ལས་མཛེས་པའི་འཛམ་གླིང་བསྐྲུན་འདོད་ཡོད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལའེ་སི་ཡིས་ཚོགས་ཐོག་ཏུ་བརྙན་རིས་གཏམ་བཤད་སྤེལ། ལའོ་ཝའོ་རྒྱལ་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ། ལའོ་ཝའོ་ཞི་བདེ་དང་མཐུན་སྒྲིལ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་སུང་མཱ་དང་། ཨ་ཧྥེ་རི་ཁ་ལྷོ་མའི་ཙུང་ཐུང་ཟུར་པ་མའོ་ཐི་ལན་ཏིས། ཁོ་ལོམ་པི་ཡའི་ཙུང་ཐུང་ཟུར་པ་སཱང་ཕའེ་ཨར། སུའེ་ཙེར་རྒྱལ་ཕྲན་མཉམ་འབྲེལ་གྱི་ཀྲུའུ་ཞི་ཟུར་པ་མའོ་ལའེ་ཨར་སོགས་ཀྱིས་གཏམ་བཤད། ཚོགས་ཞུགས་མི་སྣས་བལྟས་ན་ཐེངས་འདིའི་རྗེས་དྲན་བྱེད་སྒོ་ལས་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་མིའི་རིགས་ཀྱི་ལས་སྐལ་གཅིག་མཐུན་ཚོགས་པའི་འདུ་ཤེས་དང་འཛམ་གླིང་ཧྲིལ་བོའི་བདེ་སྐྱིད་འཆར་འགོད་བྱེད་པའི་ཀྲུང་གོའི་ཕྱི་འབྲེལ་རེ་འདུན་མཚོན་པར་བྱས་ཤིང་། ཀྲུང་གོས་དུས་ཡུན་རིང་པོར་འཛམ་གླིང་ཞི་བདེ་དང་བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཐད་འབད་བརྩོན་དང་བྱས་རྗེས་བཞག་པར་ཚད་མཐོ་བའི་གདེང་འཇོག་བྱས་ལ། ཀྲུང་གོ་ཕྱོགས་དང་མཉམ་དུ་ཞི་བདེའི་མཉམ་གནས་ཀྱི་རྩ་དོན་ལྔ་མུ་མཐུད་རྒྱུན་འཁྱོངས་བྱས་ནས། འཛམ་གླིང་གི་གྲོས་གཞི་ཆེན་མོ་གསུམ་དངོས་འབེབས་བྱེད་པར་སྐུལ་འདེད་གཏོང་བ་དང་། མཉམ་དུ་ཞི་བདེ་སྲུང་སྐྱོབ་དང་སྔར་ལས་ལྷག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་པར་འཐད་པ་ཡིན་པའི་ཚུལ་བསྟན།
ཐེངས་འདིའི་རྗེས་དྲན་བྱེད་སྒོ་དེ་ཀྲུང་གོའི་མི་དམངས་ཞི་བདེ་བརྩོན་ལེན་དང་དམག་མི་ཉུང་འཕྲི་མཐུན་ཚོགས། ཧྲན་ཏུང་ཞིང་ཆེན་མི་དམངས་སྲིད་གཞུང་བཅས་ཀྱིས་མཉམ་འབྲེལ་སྒོས་སྤེལ་བ་དང་། ཕྱི་རྒྱལ་གྱི་སྲིད་ཏང་ཁག་གི་ཆབ་སྲིད་འགོ་ཁྲིད་པ་གཙོ་བོ་དང་། ཞི་བདེའི་མཛའ་འབྲེལ་རྩ་འཛུགས། བདེ་འཇགས་རིག་མཛོད་བཅས་ཀྱི་འཐུས་མི་དང་། རྒྱལ་ནང་གི་འབྲེལ་ཡོད་སྡེ་ཁག་གི་འཐུས་མི་བཅས་མི180ཙམ་བྱེད་སྒོར་ཞུགས་ཡོད།
རིག་འཛིན་སྒྲོལ་མས་བསྒྱུར།
འཕྲིན་སྟེགས། weikangba