ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་ཉེ་སྔོན་བློ་མཐུན་དབྱང་ཧྲི་ཆན་ལ་“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་རྗེས་སྤྲོད་གནང་ནས་ཁོང་གི་སྔོན་ཐོན་མཛད་རྗེས་གཅིག་བསྡུས་སུ་དྲིལ་བསྒྲགས་བྱས།
དབྱང་ཧྲི་ཀྲན་སྐུ་འཚོ་བཞུགས་སྐབས་ཀྲུང་གོ་བཟོ་སྐྲུན་ཁང་གི་ཡོན་ཧྲི་དང་ཧའར་པིན་བཟོ་སྐྲུན་སློབ་ཆེན་གྱི་དགེ་རྒན་ཆེན་མོ་བ་ཡིན་ལ། ཀྲུང་གོའི་ཆུ་སྒྲ་བཟོ་སྐྲུན་རིག་ཚན་གྱི་རྨང་གཞི་འདིང་མཁན་དང་ཆུ་སྒྲ་ཚན་རྩལ་བྱ་གཞག་གི་གསར་གཏོད་པའང་ཡིན། ཁོང་གིས་མེས་རྒྱལ་སེམས་ལ་བཅངས་ཤིང་། ཕུགས་བསམ་ཆེན་པོ་བཅངས་ཏེ། གཞོན་ནུ་ལོ་ཆུང་གི་དུས་ནས“དཔེ་ཀློག་ནི་རྒྱལ་ཁབ་སྐྱོབ་པ་དང་རྒྱལ་ཁབ་ལ་དྲིན་ལན་འཇལ་ཆེད་ཡིན”ཞེས་པའི་དམ་བཅའ་བརྟན་པོ་བཞག་སྟེ། མེས་རྒྱལ་གྱི་དགོས་མཁོ་དེ་ཐོག་མཐའ་བར་གསུམ་དུ་མི་ཚེའི་འབད་འཐབ་ཀྱི་དམིགས་ཚད་དུ་བརྩིས་པ་རེད། ཁོང་གིས་ཐོག་མའི་བསམ་འདུན་བརྟན་སྲུང་དང་འགན་འཁྲི་ཁུར་ནས་ཏང་གི་འབོད་སྐུལ་དང་ལེན་ཧུར་ཐག་བྱས་པ་དང་། ཆུ་སྒྲ་ཚན་རིག་ཞིབ་འཇུག་གི་ལས་ལ་ནུས་ཤུགས་ཡོད་རྒུས་ཞུགས་ཤིང་། འགག་རྩའི་ལྟེ་བའི་ལག་རྩལ་རབ་དང་རིམ་པ་འགག་སྒྲོལ་བྱས་ནས། གསར་གཏོད་དང་ཚད་བརྒལ་གལ་ཆེན་མངོན་འགྱུར་བྱ་རྒྱུར་སྐུལ་འདེད་བཏང་ཡོད་པ་དང་། རུ་སྣེ་ཁྲིད་དེ་རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་ཐེངས་དང་པོར་རང་ཚུགས་བཀོད་འདོམས་དང་ལག་བསྟར་བྱས་པའི་མཚོ་གཏིང་གི་ཆུ་སྒྲ་ཕྱོགས་བསྡུས་རྟོག་ཞིབ་ལས་འགན་ཆེ་གྲས་ལེགས་སྒྲུབ་བྱས་ལ། ཚེ་གང་གི་སེམས་ཤུགས་ལ་བརྟེན་ནས་ཀྲུང་གོའི་ཆུ་སྒྲ་བྱ་གཞག་འཕེལ་རྒྱས་ལ་ལེགས་སྐྱེས་མངོན་གསལ་དོད་པོ་ཕུལ་ཡོད་པ་རེད། ཁོང་གིས་བློ་རྩེ་གཅིག་སྒྲིམ་གྱིས་སློབ་གཉེར་དང་ལེགས་སྐྱེས་འབུལ་འདོད་ཀྱིས་རང་རྟོགས་ངང“ཧར་པིན་དམག་དོན་བཟོ་ལས”ཀྱི་སྲོལ་རྒྱུན་བཟང་པོ་དར་སྤེལ་བཏང་སྟེ།“མི་ཚུལ་ལྡན་ཞིག་བྱེད་པ་དང་། ལས་དོན་སྒྲུབ་པ། ཡོན་ཏན་སྦྱོང་བ་བཅས་བྱས་ནས། གྲུ་དང་མཚོ། རྒྱལ་སྲུང་བཅས་ཀྱི་ཆེད་དུ་འབད་འབུངས་བྱེད་པའི”མི་གསོ་སྐྱོང་གི་འདུ་ཤེས་ཀྱིས་མི་རབས་ཁ་ཤས་ཀྱི་ཆུ་སྒྲའི་ཆེད་ལས་སློབ་མར་ཤུགས་རྐྱེན་ཟབ་མོ་ཐེབས་པ་དང་། འགན་ཁུར་ལྕི་མོ་འཁུར་ཐུབ་པའི་ཚན་རྩལ་ཤེས་ལྡན་མི་སྣ་ཁག་གཅིག་གསོ་སྐྱོང་བྱས་ཡོད་པ་རེད། “རྒྱལ་ཡོངས་ཀྱི་དཔེ་ཁྲིད་མི་སྐྱོང་གི་དཔེ་བཟང”དང“ལུང་ཅང་གི་དཔེ་བཟང”སོགས་ཀྱི་མཚན་སྙན་ཐོབ་མྱོང་ཡོད།
“དུས་རབས་ཀྱི་མིག་དཔེ”ཡོངས་བསྒྲགས་མཛད་སྒོའི་ཐོག《ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་བློ་མཐུན་དབྱང་ཧྲི་ཀྲན་ལ“དུས་རབས་ཀྱི་མིག་དཔེའི”མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་སྐོར་གྱི་གཏན་འབེབས》སྒྲོག་འདོན་བྱས་པ་དང་། ཁོང་གི་སྔོན་ཐོན་བྱས་རྗེས་མཚོན་པའི་བརྙན་ཐུང་བསྟན་ཡོད། ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡི་འགན་འཁུར་བློ་མཐུན་གྱིས་བློ་མཐུན་དབྱང་ཧྲི་ཀྲེང་གི་གཉེན་ཉེར“དུས་རབས་ཀྱི་དཔེ་བཟང་”ཞེས་པའི་གཟེངས་རྟགས་དང་ལག་ཁྱེར་སྤྲད།
ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས“དུས་རབས་ཀྱི་མིག་དཔེའི”མཚན་སྙན་རྗེས་སྤྲོད་བྱེད་པའི་གཏན་འབེབས་ནང་། བློ་མཐུན་དབྱང་ཧྲི་ཀྲན་གྱིས་ཚེ་གང་བརྟན་སྲུང་དང་གསོན་ཉམས་ལྡན་པའི་ཐོག་ནས་ཏང་ལ་ལྷག་བསམ་རྣམ་དག་དང་། མེས་རྒྱལ་ལ་དགའ་ཞེན། བྱ་གཞག་ལ་གཞོལ་བའི་ཆོད་སེམས་བཅས་ལ་འགྲེལ་བཤད་བརྒྱབ་ཡོད། དེ་ནི་ཏང་དང་རྒྱལ་ཁབ་ལ་དགའ་ཞེན་དང་རྒྱ་མཚོའི་སྐད་སྒྲ་གསན་པའི་ཕུལ་བྱུང་གི་ཚན་རིག་མཁས་ཅན་ཞིག་དང་། སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་རྒྱལ་ཁབ་སྟོབས་ལྡན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་བཅས་ཀྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གདོང་ལེན་དཔེ་བཟང་ཞིག ཏང་དང་རྒྱལ་ཁབ་ཆེད་ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་ཕུལ་བྱུང་མཚོན་བྱེད་ཅིག་བཅས་རེད་ཅེས་ནན་བཤད་བྱས་པ་རེད། ཁོང་གི་སྔོན་ཐོན་མཛད་རྗེས་དྲིལ་བསྒྲགས་དང་བསྟོད་བསྔགས་བྱེད་པ་དང་། ཚན་རིག་པའི་སྙིང་སྟོབས་དང་སློབ་གསོ་པའི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་ཕྱིར། ཀྲུང་གུང་ཀྲུང་དབྱང་དྲིལ་བསྒྲགས་པུའུ་ཡིས་བློ་མཐུན་དབྱང་ཧྲི་ཀྲན་ལ“དུས་རབས་ཀྱི་མིག་དཔེ་”ཞེས་པའི་མཚན་སྙན་རྗེས་སྤྲོད་བྱ་རྒྱུའི་ཐག་བཅད་དེ། རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་སྤྱི་དང་། ལྷག་པར་དུ་ཚན་རྩལ་དང་སློབ་གསོའི་བྱ་བ་སྒྲུབ་མཁན་རྣམས་ཀྱིས་“དུས་རབས་ཀྱི་མིག་དཔེ་”མིག་དཔེར་བྱས་ཏེ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་སྔར་བས་དམ་ཟབ་བྱེད་པ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་ཉི་ཤུ་པ་དང་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་ལེན་དོན་འཁྱོལ་བྱེད་པ་དང་། “གཏན་ཕབ་གཉིས”ཀྱི་ཐག་གཅོད་རང་བཞིན་གྱི་དོན་སྙིང་ལ་གོ་བ་གཏིང་ཟབ་བླངས་ནས། “འདུ་ཤེས་བཞི”ཇེ་ཟབ་ཏུ་གཏོང་བ་དང་། “ཡིད་ཆེས་བཞི”སྲ་བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”སྒྲུབ་ཐུབ་པ་བཅས་བྱས་ཏེ་ཚན་རྩལ་ནི་ཐོན་སྐྱེད་ནུས་ཤུགས་ཨང་དང་པོ་ཡིན་པ་དང་། ཤེས་ལྡན་མི་སྣ་ནི་ཐོན་ཁུངས་ཨང་དང་པོ་ཡིན་པ། གསར་གཏོད་ནི་སྒུལ་ཤུགས་ཨང་དང་པོ་ཡིན་པ་བཅས་ཀྱི་འདུ་ཤེས་བརྟན་པོ་འཛུགས་པ་དང་། རང་རྟོགས་ངང་ལག་ལེན་བསྟར་ནས་སློབ་གསོའི་རྒྱལ་ཁབ་སྟོབས་ཆེན་དང་ཚན་རྩལ་རྒྱལ་ཁབ་སྟོབས་ཆེན། ཤེས་ལྡན་མི་སྣའི་རྒྱལ་ཁབ་སྟོབས་ཆེན་བཅས་ཀྱི་འཛུགས་སྐྲུན་ནང་ཧུར་ཐག་གིས་ཞུགས་པ་དང་། ཡིད་ཆེས་བརྟན་པོ་དང་རང་ཚུགས་རང་བརྩོན། ཞུམ་མེད་མདུན་སྐྱོད་བཅས་བྱས་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྨང་གཞིའི་རང་བཞིན་དང་འཐབ་ཇུས་རང་བཞིན་གྱི་འདེགས་སྐྱོར་སྲ་བརྟན་དུ་གཏོང་བ་དང་། རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་རླབས་ཆེན་བྱ་གཞག་ལ་སྒོ་ཀུན་ནས་སྐུལ་འདེད་གཏོང་ཆེད་ལེགས་སྐྱེས་གསར་པ་ཟམ་མི་ཆད་པར་འབུལ་དགོས་པའི་འབོད་སྐུལ་གནང་ཡོད།
ཀྲུང་དབྱང་རྩ་འཛུགས་པུའུ་དང་ཚན་རྩལ་པུའུ། བཟོ་ལས་དང་ཆ་འཕྲིན་ཅན་པུའུ། ཀྲུང་གོ་ཚན་རྩལ་མཐུན་ཚོགས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས། ཧེ་ལུང་ཅང་ཞིང་ཆེན་ཏང་ཨུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་དེ་བཞིན་མཐོ་སློབ་ཀྱི་དགེ་སློབ་དང་ཚན་རྩལ་ལས་དོན་པའི་འཐུས་མི་སོགས་ཡོངས་བསྒྲགས་མཛད་སྒོར་ཞུགས་ཡོད།
འཕྲིན་སྟེགས། weikangba