ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས18ཉིན་རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུའུ་ཡིས་ད་ལོའི་ཟླ་མཆོད་དུས་ཆེན་རིང་རྒྱལ་ཡོངས་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས་རྒྱལ་ཁབ་ཕྱི་ནང་གི་མི་སྣ་ཁྱོན་མི་ཐེངས་ཁྲི525.6མཐའ་མཚམས་ནས་འགྲོ་འོང་བྱེད་པར་འགན་ལེན་བྱས་པ་དང་། ཉིན་རེར་ཆ་སྙོམས་མི་ཐེངས་ཁྲི175.2ཟིན་པ་དེ་ན་ནིང་གི་ཟླ་མཆོད་དུས་ཆེན་རིང་གི་དུས་མཉམ་ལས18.6%འཕར་ཡོད་ཅེས་བརྡ་ཁྱབ་བཏང་།
དེའི་ནང་ནང་ལོག་གི་ཡུལ་མི་མི་ཐེངས་ཁྲི263.2ས་མཚམས་ནས་འགྲོ་འོང་བྱས་པ་དེ་ན་ནིང་གི་དུས་མཉམ་ལས15.1%འཕར་བ་དང་། ཀང་ཨའོ་ཐའེ་བཅས་ཀྱི་གྲོང་མི་མི་ཐེངས་ཁྲི207ཟིན་པ་དེ་ན་ནིང་གི་དུས་མཉམ་ལས7.3%འཕར་ཞིང་། ཕྱི་རྒྱལ་བ་མི་ཐེངས་ཁྲི55.4ཟིན་པ་དེ་ན་ནིང་གི་དུས་མཉམ་ལས62.2%འཕར་ཡོད་པ་རེད། ས་མཚམས་ནས་འགྲོ་འོང་བྱེད་པའི་འགྲིམ་འགྲུལ་སྐྱེལ་འདྲེན་ཡོ་བྱད་བསྡོམས་པས་ཁྲི24.2ལ་ཞིབ་བཤེར་བྱས་པ་དེ་ན་ནིང་གི་དུས་མཉམ་ལས37.6%འཕར་ཡོད།
ཟླ་མཆོད་དུས་ཆེན་རིང་རྒྱལ་ཡོངས་ཀྱི་འགག་སྒོ་སྒྲོལ་སྐབས་བདེ་འཇགས་དང་། ཕན་ཆེ། ཤར་གཏོང་བཅས་ཡོང་བ་རྒྱུན་འཁྱོངས་བྱས། རྒྱལ་ཁབ་གནས་སྤོས་ཡུལ་མི་དོ་དམ་ཅུའུ་ཡི་གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་། རྒྱལ་ཡོངས་མཐའ་མཚམས་ཞིབ་བཤེར་ལས་ཁུངས་ཀྱིས“ཡོངས་བསྒྲགས་གཉིས་དང་དྲན་སྐུལ་གཅིག”གི་བླང་བྱ་དོན་འཁྱོལ་ནན་པོ་བྱས་ནས། འགག་སྒོ་དེ་གའི་ས་མཚམས་ནས་འགྲོ་འོང་བྱེད་པའི་འགྲུལ་རྒྱུན་གྱི་གནས་ཚུལ་ཚན་རིག་དང་མཐུན་པའི་སྒོ་ནས་སྔོན་དཔག་བྱས་ཏེ། རྒྱ་ཆེའི་ས་མཚམས་ནས་འགྲོ་འོང་བྱེད་པའི་མི་སྣར་འགྲོ་སྐྱོད་བཀོད་སྒྲིག་ལུགས་མཐུན་བྱེད་དགོས་པའི་དྲན་སྐུལ་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལས་ཀ་སྒྲིག་འཛུགས་བྱེད་པ་དང་ཞིབ་བཤེར་ལམ་བུ་ཡག་པོ་བཏོད་དེ། ཀྲུང་གོའི་སྤྱི་དམངས་ཀྱི་འགག་སྒོ་སྒྲོལ་བའི་གྲལ་སྒྲིག་སྐར་མ30ལས་མི་བརྒལ་བའི་བྱ་ཐབས་ལག་ལེན་ནན་པོ་བསྟར་ཞིང་། སྡེ་ཚན་དབར་གྱི་མཐུན་སྦྱོར་མཉམ་འགུལ་ཇེ་ཟབ་ཏུ་བཏང་ནས་དྲག་ཆར་དང་གཏད་རྒྱུག་ཆེ་བའི་གནམ་གཤིས་ཀྱིས་མཐའ་མཚམས་ནས་འགྲོ་འོང་བྱེད་པའི་འགག་སྒོ་ལས་སྒྲོལ་བའི་ཤུགས་རྐྱེན་ལ་ཁ་གཏད་འོས་འཚམ་བྱས་ནས་སྐབས་འཕྲལ་འགྲུལ་རྒྱུན་མང་བའི་དུས་ཚིགས་དུས་ཐོག་ཏུ་བསལ།
འཕྲིན་སྟེགས། weikangba