
ཟླ9པའི་ཚེས19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་རིམ་པ་བཞིན་ལས་འཁྱུར་ངལ་གསོའི་ལོ་ཚད་ནར་འགྱངས་བྱ་རྒྱུའི་ལས་དོན་སྐུལ་སློང་དང་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་ཚོགས་འདུར་ཞུགས་པ་མ་ཟད་གསུང་བཤད་གནང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་ཚོགས་འདུར་ཞུགས།
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ9པའི་ཚེས19ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་རིམ་པ་བཞིན་ལས་འཁྱུར་ངལ་གསོའི་ལོ་ཚད་ནར་འགྱངས་བྱ་རྒྱུའི་ལས་དོན་སྐུལ་སློང་དང་བཀོད་སྒྲིག་གི་བརྙན་ལམ་ཚོགས་འདུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཆང་གིས་ཚོགས་འདུའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་རིམ་པ་བཞིན་ལས་འཁྱུར་ངལ་གསོའི་ལོ་ཚད་ནར་འགྱངས་བྱེད་པའི་སྒྱུར་བཅོས་བརྟན་རླིང་ངང་གོ་རིམ་ལྡན་པའི་སྒོ་ནས་ལག་བསྟར་བྱས་ཏེ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་འདེགས་སྐྱོར་གལ་ཆེན་བྱེད་དགོས་ཞེས་ནན་གྱིས་བསྟན།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིང་ཞུའེ་ཞང་དང་རྒྱལ་དོན་ཨུ་ཡོན་ཝུའུ་ཀྲེང་ལུང་ཚོགས་འདུར་ཕེབས་ཡོད་པ་རེད། རྒྱལ་དོན་ཨུ་ཡོན་ཧྲེན་དབྱི་ཆིན་གྱིས་ཚོགས་འདུར་མགོ་འཛིན་གནང་།
ལི་ཆང་གིས་བསྟན་དོན། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་རིམ་པ་བཞིན་ལས་འཁྱུར་ངལ་གསོའི་ལོ་ཚད་ནར་འགྱངས་བྱེད་པའི་སྒྱུར་བཅོས་ལག་བསྟར་བྱ་རྒྱུ་དེ་ནི་ཏང་ཀྲུང་དབྱང་གིས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གི་སྤྱི་ཡོངས་དང་བསྟུན་ནས་བཏོན་པའི་ཐབས་ཇུས་གལ་ཆེན་ཞིག་དང་། མི་འབོར་ན་རྒས་ཅན་དུ་འགྱུར་བར་ཁ་གཏད་ཧུར་ཐག་གཅོག་པ་དང་མི་འབོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་དངོས་ཡོད་ཀྱི་བླང་བྱ་ཞིག་ཡིན་ལ། ཤེས་ལྡན་པར་ཁེ་ཕན་གང་ལེགས་སྤྲོད་པ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་རོགས་སྐྱོར་བྱེད་པའི་དངོས་ཡོད་ཀྱི་དགོས་མཁོ་ཞིག་དང་། སྤྱི་ཚོགས་ཀྱི་འགན་ལེན་མ་ལག་འཐུས་ཚང་དུ་གཏོང་བ་དང་དམངས་འཚོ་སྔར་བས་འགན་ལེན་དང་ཇེ་ལེགས་སུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་བཅས་ཡིན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་བསམ་བློ་དང་བྱ་སྤྱོད་དེ་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བར་བྱེད་པ་དང་། སྒྱུར་བཅོས་ལག་བསྟར་ལས་དོན་ཏན་ཏིག་ངང་ཡག་པོར་བསྒྲུབས་ནས་སྔོན་དཔག་གི་ཕན་འབྲས་ཐོན་རྒྱུའི་འགན་ལེན་བྱེད་དགོས།
ལི་ཆང་གིས་ནན་གྱིས་བསྟན་དོན། མ་ལག་གི་བསམ་གཞིག་ལ་ཤུགས་སྣོན་རྒྱག་པ་དང་། སྒྱུར་བཅོས་ཀྱི་གཙོ་གནད་ཁོང་དུ་ཆུད་པ། སྒྱུར་བཅོས་ལག་བསྟར་མ་བྱས་གོང་གི་ལས་ཀའི་གྲ་སྒྲིག་དང་ལག་བསྟར་བྱས་རྗེས་ཀྱི་སྲིད་ཇུས་ལག་བསྟར་ལ་སྤྱི་འདོམས་དམ་འཛིན་ཡག་པོ་བྱེད་པ། ལས་འཁྱུར་ངལ་གསོའི་ལོ་ཚད་ནར་འགྱངས་དང་འགན་ལེན་བྱ་ཐབས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་གཙོ་གནད་ལས་འགན་བརྟན་བརླིང་ངང་གོ་རིམ་ལྡན་པའི་སྒོ་ནས་དོན་འཁྱོལ་ཐུབ་རྒྱུར་སྐུལ་འདེད་གཏོང་དགོས།“རང་མོས་དང་བབ་བསྟུན་རང་བཞིན”གྱི་རྩ་དོན་གཞིར་བཟུང་ལས་འཁྱུར་ངལ་གསོའི་སྲིད་ཇུས་ལག་བསྟར་ཡག་པོ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་ལས་བཟོའི་བསམ་འདུན་དངོས་འབྲེལ་མཚོན་ཐུབ་པའི་འགན་ལེན་བྱེད་དགོས། མ་ལག་ཚང་བའི་སྲིད་ཇུས་དང་བྱ་ཐབས་བཟོ་བ་དང་འཐུས་ཚང་དུ་གཏོང་རྒྱུར་དམ་འཛིན་བྱས་ཏེ་སྒྱུར་བཅོས་ཀྱི་ཇུས་གཞི་དང་ཐད་ཀར་འབྲེལ་མཐུད་བྱེད་དགོས་པའི་སྲིད་ཇུས་སྔ་མོ་ནས་འདོན་པ་དང་སྔ་མོ་ནས་ལག་བསྟར་བྱེད་པ་དང་། ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ལས་འཁྱུར་ངལ་གསོའི་ལོ་ཚད་ལ་འགྱུར་ལྡོག་བྱུང་བའི་དབང་གིས་ལེགས་སྒྲིག་བྱེད་དགོས་པའི་སྲིད་ཇུས་ལ་དཔྱད་དཔོག་གང་ལེགས་བྱས་རྗེས་མགྱོགས་མྱུར་ངང་བཟོས་ནས་ལག་བསྟར་བྱེད་དགོས། སྲིད་ཇུས་ཐོག་ནས་རྒྱབ་སྐྱོར་བྱེད་ཤུགས་དང་ལས་ཀ་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ། མང་ཚོགས་ཀྱི་དངོས་ཡོད་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་ནུས་ལྡན་བྱེད་དགོས། ལས་ཞུགས་རྒྱ་ཆེར་གཏོང་རྒྱུ་དེ་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་འདེགས་སྐྱོར་གྱི་བྱ་ཐབས་གལ་ཆེན་ཞིག་ཏུ་བརྩིས་ནས་དམ་འཛིན་བྱེད་པ་དང་། མཐོ་སློབ་སློབ་ཐོན་སློབ་མ་སོགས་ཀྱི་གཞོན་ནུའི་ལས་ཞུགས་སྲིད་ཇུས་དོན་འཁྱོལ་དང་འཐུས་ཚང་དུ་བཏང་ནས་ངལ་རྩོལ་པའི་ཁེ་དབང་འགན་ལེན་ཡག་པོ་བྱེད་དགོས། རྒན་གསོའི་འགན་སྲུང་དང་ཞབས་འདེགས་ཞུ་ཤུགས་ཆེ་རུ་ཏན་ཏིག་གཏོང་བ་དང་། གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་དང་ལས་འཁྱུར་ངལ་གསོ་མི་སྣའི་གཞི་རྩའི་རྒན་གསོའི་དངུལ་མཐོ་རུ་གཏོང་བའི་སྲིད་ཇུས་དོན་འཁྱོལ་ཡག་པོ་བྱེད་པ། རྒྱལ་ཡོངས་ཀྱི་རྒན་གསོའི་འགན་བཅོལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱེད་དགོས། ཐག་ཉེ་ས་དང་སྟབས་བདེ་བའི་བཅོལ་གསོའི་ཞབས་ཞུ་མང་དུ་བཏང་ནས་བུ་བཙའ་དང་གསོ་སྐྱོང་གི་སློབ་གསོའི་ཁུར་པོ་དམའ་རུ་གཏོང་དགོས།
ལི་ཆང་གིས་ནན་གྱིས་བསྟན་དོན། ས་ཁུལ་ཁག་དང་སྡེ་ཚན་ཁག་གིས་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། རྩ་འཛུགས་ཀྱི་མགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ཏེ།“ནུས་མཐོས་ལས་དོན་གཅིག་བསྒྲུབ་པའི”བླང་བྱ་གཞིར་བཟུང་། སྒྲུབ་གཉེར་ཞབས་ཞུ་ཁག་བདེ་བླག་ངང་སྦྲེལ་མཐུད་ཐུབ་རྒྱུར་སྐུལ་འདེད་གཏོང་བ་དང་། སྒྱུར་བཅོས་ཀྱི་ལས་འགན་དམ་འཛིན་ཡག་པོ་བྱས་ནས་བརྟན་རླིང་ངང་ལག་བསྟར་དང་དོན་ཐོག་ཏུ་འཁྱོལ་རྒྱུར་འགན་ལེན་བྱེད་དགོས།
མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། ཀྲུང་དབྱང་རྩ་འཛུགས་པུའུ། ཀྲུང་དབྱང་དྲིལ་བསྒྲགས་པུའུ། ཀྲུང་དབྱང་སྲིད་ཁྲིམས་ཨུ་ལྷན། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱི་འགན་འཁུར་བློ་མཐུན་དང་། པེ་ཅིན་གྲོང་ཁྱེར་དང་ཧྲའན་ཞི་ཞིང་ཆེན་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་ཚོགས་འདུའི་ཐོག་གཏམ་བཤད་གནང་།
འཕྲིན་སྟེགས། weikangba