ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། རྒྱལ་ཁབ་ཀྱི་ལས་གཞི་གལ་ཆེན་གྱི་འཛུགས་སྐྲུན་པ་ཁག་ཅིག་གིས་ནང་མི་མཉམ་འཛོམས་ཀྱི་གོ་སྐབས་སྐྱུར་ནས། ལས་ཀའི་འཐབ་ཕྱོགས་དང་པོ་བརྟན་སྲུང་གིས། རྔུལ་ཆུ་དང་བློ་གྲོས་ལ་བརྟེན་ནས་ཁོ་ཚོར་དབང་བའི་ཟླ་མཆོད་དུས་ཆེན་མི་འདྲ་བ་ཞིག་དགའ་གཏོང་བྱས།
ཐེངས་འདིའི་ཟླ་མཆོད་དུས་ཆེན་གྱི་གུང་གསེང་རིང་། ཐཱ་ཁེ་ལ་མ་ཀན་བྱེ་ཐང་དབུས་ཁུལ་དུ། ཨར་ལས་བྱེད་མཁན་སྟོང་ཕྲག་ཁ་ཤས་ཀྱིས་ངལ་མ་གསོ་པར། མུའུ་ཁྲིའི་འོད་ཤུགས་བྱེ་བཅོས་རྣམ་གྲངས་མགྱོགས་མྱུར་བསྐྲུན་ཞིང་། ཁོང་ཚོས་རྐང་རྩེད་སྤོ་ལོའི་ཐང་ཆེན3285ཡི་ཆེ་ཆུང་ཡོད་པའི་བྱེ་འབུར་སྟེང་འོད་ཤུགས་པང་ལེབ་འདིང་རྒྱུ་ཡིན་པ་དང་། ལོ་མཇུག་ཏུ་རྣམ་གྲངས་བསྐྲུན་ཚར་རྗེས། མཐའ་འཁོར་གྱི་རྫས་འགྱུར་བཟོ་ལས་ཐོན་ལས་ཚོགས་པར་ལོ་ལྟར་ཏུའུ་དུང་ཕྱུར21གི་ནུས་རྒྱུ་གཙང་མའི་གློག་ནུས་འདོན་ཐུབ་རྒྱུ་རེད།
བོད་ལྗོངས་ཆབ་མདོར། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི5200ཡོད་པའི་ཏ་ཐང་པ་ཤུའེ་ཡི་རླུང་གློག་རྣམ་གྲངས་ཀྱི་ཡུལ་དངོས་སུ། དྲོད་ཚད་དམའ་ཤོས་ཧྲེ་ཧྲི་ཏུའུ10མན་ཟིན་པ་དང་། འཛུགས་སྐྲུན་པ260ཙམ་གྱིས་ས་བབ་མཐོ་བ་དང་དྲོད་ཚད་དམའ་བ་སོགས་ཀྱི་ཤུགས་རྐྱེན་ཁྱད་བསད་བྱས་ཏེ། གོ་རིམ་ལྡན་པའི་ངང་རླུང་ནུས་འཕྲུལ་འཁོར་གྱི་དཔྱང་འདེགས་ཨར་རྒྱག་ལས་དོན་སྤེལ་བཞིན་ཡོད།
མཚོ་སྔོན་ན་གོར་མོར། རྒྱལ་ཁབ་ཀྱི་གཤེར་གཟུགས་མཁའ་རླུང་གསོག་ནུས་དཔེ་སྟོན་རྣམ་གྲངས་ཀྱི་ཨར་ལས་བྱ་ཡུལ་དུ། སྒྲིག་ཆས་ཆེ་གྲས་བརྒྱ་ལྷག་ཙམ་ཕན་ཕྱོད་ཆེན་པོས་འཁོར་རྒྱུག་བྱས་ཏེ། ས་མཐོའི་ས་ཁུལ་དེའི“གློག་སྣོད”ཆེ་གྲས་དེ་མགྱོགས་མྱུར་སྐྲུན་བཞིན་ཡོད།
གུང་གསེང་རིང་། བྱེ་ཐང་དང་ས་མཐོ། དེ་བཞིན་མཚོ་གཏིང་བཅས་སུ། རྒྱལ་ཁབ་ཀྱི་ནུས་རྒྱུའི་ལས་གཞི་གལ་ཆེན་ཚང་མ་བརྟན་པོའི་ངང་སྐུལ་འདེད་གཏོང་བཞིན་ཡོད།
སྐམ་ས་དང་བར་ཐག་སྤྱི་ལེ240ལྷག་ཡོད་པའི་མཚོ་གཏིང་དུ། ཀྲུང་གོའི་མཚོ་སྣུམ་གྱི་ལེའུ་ཧྭ་སྣུམ་ཞིང་གི་ཐོན་སྐྱེད་སྒྲིག་ཆས་གཙོ་བོ་སྟེ། ཨེ་ཤེ་ཡའི་མདོང་སྒོར་དབྱིབས་ཅན་གྱི་མཚོ་ཐོག་སྣུམ་རླངས་ལས་སྣོན་བཟོ་གྲྭ་དང་པོའི“ཧའེ་ཁུའེ་དང་པོ་རྟགས་ཅན”དང་ཨེ་ཤེ་ཡའི་ཆུ་གཏིང་འདྲེན་སྦུག་སྒྲོམ་སྟེགས་དང་པོ“ཧའེ་ཅི་གཉིས་པ་རྟགས་ཅན”ལ་མཚོ་འོག་འདྲེན་སྐུད་ཕན་ཚུན་འབྲེལ་ནས། ཐོན་སྐྱེད་བྱེད་འགོ་ཚུགས་གྲབས་ཡོད།
རང་རྒྱལ་གྱི་གཏིང་ཟབ་མཐོ་གནོན་རླངས་ཞིང་གསར་སྤེལ་རྣམ་གྲངས་དང་པོ“མཚོ་གཏིང་དང་པོ་རྟགས་ཅན་གྱི”དུས་ཐེངས་གཉིས་པའི་ལས་གྲྭའི་ཡུལ་དངོས་སུ། ལས་དོན་མི་སྣས་རྣམ་གྲངས་ཐོན་སྐྱེད་མ་བྱས་གོང་གི་ཞིབ་བཤེར་ཁག་སྤེལ་བཞིན་ཡོད།
འཕྲིན་སྟེགས། weikangba