ལིས་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་ལ་འགོ་འཛིན་གནང་།

2024-09-19
325

ཟླ9ཚེས18ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཆང་གིས་འགོ་འཛིན་གནང་ནས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་པ་དང་། ལས་གཏོད་དངུལ་གཏོང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་འབྲེལ་ཡོད་བྱེད་ཐབས་ལ་ཞིབ་འཇུག་དང་། ད་ལོའི་འབྲུ་རིགས་ཐོན་སྐྱེད་གནས་བབ་དང་ཞིང་ལས་བྱ་བའི་གནས་ཚུལ་གྱི་སྙན་ཞུར་ཉན་པར་མ་ཟད། སྔོན་གཤེགས་དཔའ་བོའི་བསྟོད་བསྔགས་སྲོལ་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ཞིང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དོ་དམ་ཚོད་འཛིན་སྲོལ་ཡིག་གི་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་ལས་བསྟན་དོན། ལས་གཏོད་དངུལ་གཏོང་དེ་ཚན་རྩལ་གསར་གཏོད་དང་། ཐོན་ལས་རིམ་འཕར། སྤུས་ཚད་མཐོ་བའི་འཕེལ་རྒྱས་བཅས་དང་འབྲེལ་བ་ཡོད་པས། བསྡུ་རུབ་དང་ཕྱིར་འཐེན་དོ་དམ་གྱི་གོ་རིམ་སོ་སོའི་ཁྲོད་ཀྱི་འགག་གནད་མྱུར་དུ་སེལ་ཐུབ་བྱེད་པ་དང་། ཆ་རྐྱེན་དང་འཚམ་པའི་ཚན་རྩལ་རིགས་ཀྱི་ཁེ་ལས་ཡུལ་ཁོངས་ཕྱི་ནང་ནས་ཚོང་རར་ཞུགས་པར་རྒྱབ་སྐྱོར་བྱས་ཏེ། རྐང་འཛིན་དབང་ཆ་བཤུག་སྤྲོད་བྱེད་པ་དང་ཚོང་ར་ཉོ་བསྡུའི་བྱ་བ་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་། དངོས་པོ་སྡེབ་སྒྲིག་གི་རྐང་འཛིན་བྱང་བུའི་ཚོད་ལྟ་ཁུལ་ཁྱབ་ཆེར་སྤེལ་བ། སྤྱི་ཚོགས་མ་རྩའི་ཁྲོམ་ར་ཅན་འཛུགས་པ་དང་ཐོག་མའི་ཐེབས་རྩ་དང་ཡང་ན་ལས་གཏོད་དངུལ་གཏོང་གི་རིམ་པ་གཉིས་པའི་ཁྲོམ་རའི་ཐེབས་རྩ་ཉོ་སྡུད་བྱེད་པར་སྐུལ་མ་བཏང་ནས། ལས་གཏོད་དངུལ་གཏོང་ལས་རིགས་འཁོར་སྐྱོད་ལེགས་པོ་ཐུབ་པར་སྐུལ་འདེད་གཏོང་དགོས། རྒྱལ་དབང་རྒྱུ་ནོར་གྱི་དངུལ་གཏོང་བྱེད་པ་དེ་སྔར་ལས་ཁག་ཁུར་ཡོད་པའི་ཡུན་རིང་གི་མ་རྩ་དང་བརྟན་པོའི་མ་རྩ་རུ་འགྱུར་བར་སྐུལ་འདེད་བཏང་སྟེ། རྒྱལ་དབང་རྒྱུ་ནོར་གྱི་དངུལ་གཏོང་དང་། དཔྱད་ཞིབ། སྐྱོན་ཤོངས་དང་ཕྱིར་འཐེན་བཅས་ཀྱི་འབྲེལ་ཡོད་སྲིད་ཇུས་བྱེད་ཐབས་འཐུས་ཚང་དུ་གཏོང་དགོས། ལས་གཏོད་དངུལ་གཏོང་བདེ་ཐང་འཕེལ་རྒྱས་ཀྱི་ལམ་ལུགས་རྨང་གཞི་ཇེ་བརྟན་དུ་བཏང་སྟེ། མ་རྩའི་ཁྲོམ་ར་བཅོས་སྒྱུར་གྱི་གཙོ་གནད་བྱེད་ཐབས་དངོས་འབེབས་བྱེད་པ་དང་། མ་རྩའི་ཁྲོམ་རའི་བྱེད་ནུས་ཆ་ཚང་དུ་བཏང་ནས། ལས་གཏོད་དངུལ་གཏོང་གི་ཁྲོམ་རའི་གསོན་ཤུགས་རྒྱས་པར་ཡར་སྐུལ་བྱེད་དགོས།

གྲོས་ཚོགས་ལས་བསྟན་དོན། ད་ལོར་ས་གནས་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་འབྲུ་རིགས་ཐོན་སྐྱེད་དང་ཞིང་ལས་བྱ་བ་འགྱུར་བ་མེད་པར་དམ་འཛིན་བྱས་ཏེ། ཆར་ཞོད་ཀྱི་གནོད་འཚེ་སོགས་ཤུགས་རྐྱེན་ངན་པར་ཁ་གཏད་ནུས་ལྡན་འཇལ་བ་དང་། དབྱར་ཁའི་འབྲུ་རིགས་ཐོན་ཚད་ཀྱིས་ལོ་རྒྱུས་ཀྱི་ཟིན་ཐོ་བསྐྲུན་པ་དང་། སྟོན་སྡུད་དུས་ཚིགས་སླེབས་ལ་ཉེ་ཞིང་སྔོ་ཚལ་ཐོན་རྫས་ཀྱི་འདོན་སྤྲོད་འདང་ངེས་ཡོད། སྟོན་དུས་ཀྱི་འབྲུ་རིགས་ཐོན་སྐྱེད་དམ་འཛིན་བྱེད་པར་རྩ་འཛུགས་ཞིབ་ཚགས་བྱས་ཏེ། གནོད་འཚེའི་ལྟ་ཞིབ་ཉེན་བརྡ་དང་སྔོན་འགོག་བྱ་བར་ཤུགས་སྣོན་དང་། འཕྲུལ་ཆས་སྟོད་སྡུད་ཀྱི་རྩ་འཛུགས་བཀོད་གཏོང་བྱ་བ་ལེགས་པོར་བསྒྲུབ་ནས། སྟོན་སྡུད་བདེ་ལེགས་ཡོང་བར་ཁག་ཐེག་བྱ་དགོས། འབྲུ་རིགས་གསོག་ཉར་སྲིད་ཇུས་དང་སྔོན་ཇུས་སྔ་མོ་ནས་ཞིབ་འཇུག་དང་གཏན་འབེབ་བྱས་ཏེ། ལོ་ཧྲིལ་བོའི་གྲོ་ཡི་ཆེས་དམའ་བའི་ཉོ་བསྡུའི་རིན་གོང་མྱུར་དུ་ཁྱབ་བསྒྲགས་བྱེད་པ་དང་། སྲན་ཆེན་ལས་སྣོན་གྱི་བྱ་དགའི་ཁ་གསབ་སྲིད་ཇུས་འཐུས་ཚང་དུ་བཏང་ནས། ཞིང་པས་འབྲུ་རིགས་འདེབས་པའི་ཧུར་བརྩོན་རང་བཞིན་ལ་སྲུང་སྐྱོབ་གང་ལེགས་བྱེད་དགོས། ནོར་ལུག་གསོ་སྐྱོང་སོགས་ཀྱི་རྒྱབ་སྐྱོར་ནུས་ཚད་ཇེ་ཆེར་བཏང་སྟེ། དཀའ་གནད་སེལ་བའི་སྲིད་ཇུས་ཁག་ཅིག་ལག་བསྟར་དམ་འཛིན་བྱས་ནས། གསོ་སྐྱོང་ཁྱིམ་ཚང་དཀའ་ཁག་ལས་ཐར་བར་རོགས་བྱེད་དགོས།

གྲོས་ཚོགས་སྟེང་སྔོན་བཤེགས་དཔའ་བོའི་བསྟོད་བསྔགས་སྲོལ་ཡིག་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། དེས་སྔོན་བཤེགས་དཔའ་བོར་བསྟོད་བསྔགས་བྱེད་པར་ཤུགས་བསྣན་ཏེ་ཏང་དང་རྒྱལ་ཁབ་ཀྱིས་དཔའ་བོར་རྗེས་དྲན་དང་སྔོན་བཤེགས་དཔའ་བོའི་ཁྱིམ་མིར་ཐུགས་ཁུར་གནང་བ་མཚོན་ཡོད་ཅིང་། སྔོན་བཤེགས་དཔའ་བོའི་ཁྱིམ་མིའི་ཞབས་ཞུའི་འགན་སྲུང་བྱ་བ་ཡག་པོར་བསྒྲུབ་སྟེ། འཚོ་བའི་ཁྲོད་དང་བྱ་བའི་ཁྲོད་དུ་སྔར་ལས་མང་བའི་སེམས་ཁུར་དོ་སྣང་བྱས་ནས་དོན་དངོས་དཀའ་ཁག་ཐག་གཅོད་རོགས་བྱ་དགོས། སྔོན་བཤེགས་དཔའ་བོའི་རྗེས་དྲན་སྒྲིག་ཆས་ཀྱི་སྲུང་སྐྱོབ་དང་དོ་དམ་ལ་ཤུགས་བསྣན་ཏེ། དམར་པོའི་ཐོན་ཁུངས་བེད་སྤྱོད་ཡག་པོ་གཏོང་བ་དང་། དྲིལ་སྒྲོག་སློབ་གསོའི་ནུས་ཚད་ཇེ་ཆེར་བཏང་ནས། སྤྱི་ཚོགས་ཡོངས་ཀྱིས་དཔའ་བོར་བརྩི་འཇོག་དང་འབད་འཐབ་བློས་གཏོང་བྱེད་པའི་རྣམ་པ་ལེགས་པོ་ཞིག་བསྐྲུན་དགོས།

གྲོས་ཚོགས་ལས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉིས་སྤྱོད་དངོས་ཟོག་ཕྱིར་གཏོང་དོ་དམ་ཚོད་འཛིན་སྲོལ་ཡིག་གི་འཆར་ཟིན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་།

གྲོས་ཚོགས་སྟེང་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རིག་འཛིན་སྒྲོལ་མས་བསྒྱུར།

  • 顶