ཏིན་ཞུའེ་ཞང2024ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་ཚོགས་འདུར་ཞུགས་ཏེ་གཙོ་དོན་གཏམ་བཤད་གནང་བ།

2024-09-13
944

ཟླ9བའི་ཚེས12ཉིན། 2024ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་ཚོགས་འདུའི་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་རྩེ་ཚོགས་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་རྩེ་ཚོགས་ལ་ཞུགས་ཏེ་གཙོ་དོན་གཏམ་བཤད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2024ལོའི་ཀྲུང་གོའི་རྒྱལ་སྤྱིའི་ཞབས་ཞུ་ཉོ་ཚོང་ཚོགས་འདུའི་འཛམ་གླིང་ཡོངས་ཀྱི་ཞབས་ཞུའི་ཉོ་ཚོང་རྩེ་ཚོགས་ཚེས12ཉིན་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་པེ་ཅིན་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་དབྱིན་ལིས་རྩེ་ཚོགས་སྟེང་ཀྲུའུ་ཞི་ཞི་ཅིན་ཕིང་གི་ཤིས་འཕྲིན་སྒྲོག་འདོན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ཨུའམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཏིན་ཞུའེ་ཞང་རྩེ་ཚོགས་ལ་ཞུགས་ཏེ་གཙོ་དོན་གཏམ་བཤད་གནང་།

ཏིན་ཞུའེ་ཞང་གིས་བསྟན་དོན། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ6ལ་བསྟུད་མར་ཉོ་ཚོང་ཚོགས་འདུའི་སྟེང་དུ་བརྙན་ལམ་གྱི་ཤིས་ཚིག་དང་ཤིས་འཕྲིན་གལ་ཆེན་སྤྲིངས་པ་དེས་ཀྲུང་གོའི་ཆུ་ཚད་མཐོ་བའི་སྒོ་འབྱེད་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་རྒྱུན་འཁྱོངས་བྱས་པའི་ཆོད་སེམས་མཚོན་ཡོད། དུས་རབས་གསར་པ་ནས་བཟུང་ཀྲུང་གོས་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་འབྱེད་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་དང་། ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཉོ་ཚོང་སྒོ་འབྱེད་གསར་གཏོད་དང་འཕེལ་རྒྱས་ལ་སྐུལ་འདེད་ཇེ་མགྱོགས་སུ་བཏང་བར་གྲུབ་འབྲས་མངོན་གསལ་ཐོབ་ཡོད།

ཏིན་ཞུའེ་ཞང་གིས་ཀྲུང་གོས་ཕྱོགས་སོ་སོ་དང་མཉམ་དུ་ཞབས་ཞུའི་ལས་རིགས་དང་ཞབས་ཞུའི་ཉོ་ཚོང་མཉམ་ལས་རྒྱུན་མཐུད་ངང་གཏིང་ཟབ་ཏུ་བཏང་ནས་ཆུ་ཚད་མཐོ་བའི་སྒོ་ནས་ཞབས་ཞུའི་ཉོ་ཚོང་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། འཛམ་གླིང་གི་དཔལ་འབྱོར་དར་རྒྱས་གོང་འཕེལ་ཡོང་བར་ལེགས་སྐྱེས་སྔར་ལས་ཆེན་པོ་འབུལ་འདོད་ཡོད། གཅིག་ནས་སྒོ་འབྱེད་འཕེལ་རྒྱས་ཀྱི་གོ་སྐབས་གསར་པ་མཉམ་དུ་ལོངས་སུ་སྤྱོད་པ་དང་། ཞབས་ཞུའི་ཉོ་ཚོང་ལམ་ལུགས་ཅན་གྱི་སྒོ་འབྱེད་ལ་སྐུལ་འདེད་གཏོང་བ། རྒྱལ་སྤྱིའི་ཚད་གཞི་མཐོ་བའི་དཔལ་འབྱོར་ཉོ་ཚོང་གི་སྒྲིག་སྲོལ་རང་འགུལ་ངང་འབྲེལ་མཐུད་བྱེད་པ། རྒྱལ་མཚམས་ལས་བརྒལ་བའི་ཞབས་ཞུའི་ཉོ་ཚོང་གི་ལྡོག་ཕྱོགས་ཀྱི་རྩིས་ཐོའི་དོ་དམ་ལམ་ལུགས་འཐུས་ཚང་དུ་གཏོང་བ་བཅས་བྱས་ནས་རྒྱལ་ཡོངས་ཀྱི་རྒྱལ་ཁོངས་ལས་བརྒལ་བའི་ཞབས་ཞུའི་ཉོ་འཚོང་སྐས་རིམ་བརྟན་པོར་སྐུལ་འདེད་གཏོང་དགོས། གཉིས་ནས་མཉམ་དུ་གསར་གཏོད་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་དང་། ལག་རྩལ་ཉོ་ཚོང་དོ་དམ་དང་སྐུལ་འདེད་མ་ལག་འཐུས་ཚང་དུ་གཏོང་བ། ཞབས་ཞུའི་ཉོ་ཚོང་གྲངས་འཛིན་ཅན་དང་རིག་ནུས་ཅན། ལྗང་མདོག་ཅན་བཅས་ཀྱི་འཕེལ་རིམ་ལ་མགྱོགས་མྱུར་ངང་སྐུལ་འདེད་གཏོང་དགོས། གསུམ་ནས་ཚོང་ར་ཆེན་པོ་དང་བར་སྟོང་གསར་པ་མཉམ་དུ་རྒྱ་བསྐྱེད་དེ། སྤྲིན་རྩིས་དང་སྐྱེ་དངོས་ལག་རྩལ། མ་དངུལ་ཁེར་འཇོག་སྨན་ཁང་སོགས་ཁྱབ་ཁོངས་ཀྱི་སྒོ་འབྱེད་ཚོད་ལྟའི་བྱ་བ་ལེགས་པོར་སྒྲུབ་པ་དང་། ཞབས་ཞུ་ཉོ་ཚོང་དང་རྩེ་གྲའི་བཟོ་སྐྲུན་ལས་རིགས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། བཞི་ནས་མཉམ་ལས་འཕེལ་རྒྱས་ཀྱི་ཁོར་ཡུག་གསར་པ་གཏོད་རྒྱུ་དང་། རང་མོས་ཉོ་ཚོང་གི་གྲོས་མཐུན་འཇོག་པའི་ཆུ་ཚད་སྔར་བས་མཐོ་རུ་གཏོང་རྒྱུ། རང་བརྟེན་སྒོ་འབྱེད་རྒྱ་ཆེ་རུ་གཏོང་རྒྱུ། དར་རྒྱས་མེད་པའི་རྒྱལ་ཁབ་ལ་ཕྱོགས་གཅིག་ནས་སྒོ་འབྱེད་རྒྱ་ཆེ་རུ་བཏང་སྟེ། “རྒྱུད་གཅིག་ལམ་གཅིག”གི་རྒྱལ་ཁབ་ལ་ཞབས་ཞུ་དང་གྲངས་འཛིན་ཉོ་ཚོང་མཉམ་ལས་མཉམ་དུ་བསྐྲུན་པར་ཤུགས་སྣོན་བྱ་དགོས་ཞེས་ནན་གྱིས་བསྟན།

ཀོ་ལུའུ་ཅི་ཡའི་ཙུང་ལི་གཞོན་པ་དང་པོ་ཏ་ཝེ་ཐ་ཧྲི་ཝེ་ལི་དང་འཛམ་གླིང་ཤེས་བྱའི་བདག་དབང་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་ཏེང་ཧུང་སེན་ཚོགས་འདུར་ཞུགས་པ་དང་འབྲེལ་ཤིས་ཚིག་ཕུལ་བ་དང་། དཔལ་འབྱོར་མཉམ་ལས་དང་འཕེལ་རྒྱས་ཀྱི་རྩ་འཛུགས་ཀྱི་དྲུང་ཡིག་ཆེན་མོ་ཁོ་ཨར་མན་གྱིས་བརྙན་ལམ་ནས་ཤིས་ཚིག་ཕུལ།

རྩེ་ཚོགས་ཀྱི་སྔོན་ལ། ཏིན་ཞུའེ་ཞང་དང་དབྱིན་ལི་གཉིས་ཀྱིས་མཉམ་དུ་ཚོང་འདུས་འགྲེམས་ཁང་ལ་གཟིགས་ཞིབ་གནང་ནས་འགྲེམ་སྟོན་ལ་ཞུགས་པའི་ཁེ་ལས་ཀྱི་འགན་འཁུར་བ་དང་སྤེལ་རེས་བྱས། ཏིན་ཞུའེ་ཞང་གིས་ཀྲུང་གོའི་སྒོ་འབྱེད་ཀྱི་སྒོ་མོ་ཇེ་ཆེ་ནས་ཇེ་ཆེར་གཏོང་རྒྱུ་ཡིན་པས། རྒྱལ་ཁབ་སོ་སོའི་ཁེ་ལས་ཀྱིས་ཀྲུང་གོར་ཡོང་ནས་མ་དངུལ་གཏོང་བ་དང་ལས་རིགས་དར་རྒྱས་སུ་གཏོང་བར་དགའ་བསུ་ཞུ་བ་དང་ཆབས་ཅིག ཀྲུང་གོའི་འཕེལ་རྒྱས་གོ་སྐབས་མཉམ་སྤྱོད་ཀྱི་གོ་རིམ་ཁྲོད་སྔར་ལས་འཕེལ་རྒྱས་དང་སྟོབས་ཆེན་དུ་གྱུར་བར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོའི་ཁེ་ལས་ཀྱིས་ཞབས་ཞུའི་ནུས་པ་དང་ཆུ་ཚད་མཐོ་རུ་གཏོང་བར་སྐུལ་མ་བཏང་ནས། སྤུས་ལེགས་ཀྱི་ཞབས་ཞུ་སྔར་ལས་མང་པོས་རྒྱལ་ཁབ་སོ་སོའི་མི་དམངས་ལ་ཕན་ཐོགས་པར་འབད་བརྩོན་བྱེད་དགོས་པར་བསྟན།

ཀྲུང་གོ་ཕྱོགས་ཀྱི་འབྲེལ་ཡོད་ལས་ཁུངས་དང་ས་གནས་ཀྱི་འགན་འཁུར་བ་དང་དེ་བཞིན་འབྲེལ་ཡོད་རྒྱལ་ཁབ་དང་ས་ཁུལ་གྱི་འཐུས་མི་དང་། རྒྱལ་སྤྱིའི་སྒྲིག་གཞིའི་འགན་ཁུར་པ། རྒྱལ་ཁོངས་ལས་བརྒལ་བའི་ཀུང་སི་དང་རྒྱལ་ཁོངས་ཕྱི་ཚོང་མཐུན་ཚོགས་ཀྱི་འགན་འཁུར་བ་སོགས་མི800ལྷག་རྩེ་ཚོགས་ལ་ཞུགས།  

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : མཁའ་མཚོ་སྐྱིད་ཀྱིས་བསྒྱུར།  
  • 顶