
ཚེས་དགུ་ཉིན་ནས་ཚེས་བཅུ་ཉིན་གྱི་བར། རྒྱལ་ཡོངས་སློབ་གསོའི་ཚོགས་ཆེན་པེ་ཅིན་དུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ནང་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་ནི་ཉེ་རབས་ནས་བཟུང་ཀྲུང་ཧྭ་མི་རིགས་ཀྱི་ནམ་ཡང་བརྩོན་གཉེར་བྱེད་པའི་ཕུགས་འདུན་བཟང་པོ་ཡིན་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་དུ་འགྱུར་བར་བརྟེན་ནས་ཕྱོགས་ཡོསང་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ཡོང་བའི་བྱ་གཞག་རླབས་པོ་ཆེའི་སྔོན་འགྲོའི་ལས་འགན་དང་རྨང་གཞི་བརྟན་པོ། འཐབ་ཇུས་གཞོགས་འདེགས་ཡིན་པས། ངེས་པར་དུ་སྔོན་བཀོད་དམིགས་འབེན་ནང་བཞིན་གོམ་སྟབས་བརྟན་པོས་མདུན་མར་སྐྱོད་དགོས་ཞེས་གསུངས། ཟླ་བ་དགུ་པའི་ཚེས་བཅུ་ཉིན་ནི་རང་རྒྱལ་གྱི་དགེ་རྒན་དུས་ཆེན་ཨང་བཞི་བཅུ་པ་ཡིན་པས།
ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་མཛད་ནས་རྒྱལ་ཡོངས་ཀྱི་རྒྱ་ཆེ་བའི་དགེ་རྒན་དང་སློབ་གསོའི་ལས་སྒྲུབ་པར་དུས་ཆེན་གྱི་རྟེན་འབྲེལ་དང་ལྷག་བསམ་ཟོལ་མེད་ཀྱིས་འཚམས་འདྲི་ཞུས་པ་རེད། ལི་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་།ཀྲའོ་ལི་ཅི་དང་ཝང་ཧུའུ་ཉིང་། ཚའེ་ཆི། ལི་ཞི་བཅས་གྲོས་ཚོགས་ནང་ཞུགས་པ་རེད། ཏེང་ཞུའེ་ཞང་གིས་ཕྱོགས་བསྡོམས་གསུང་བཤད་གནང་ཡོད།
ཞི་ཅིན་ཕིང་གིས་གསུང་བཤད་ནང་དུ། སློབ་གསོ་ནི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་དང་མི་རིགས་བསྐྱར་དར་ཡོང་བའི་རྨང་གཞི་ཡིན། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། ང་ཚོས་བློ་བརྟན་འགྱུར་མེད་ཀྱིས་སློབ་གསོ་ནི་རྒྱལ་ཁབ་དང་ཏང་གི་ཇུས་ཆེན་དུ་བརྩིས་ནས། ཕྱོགས་ཡོངས་ནས་ཏང་གི་སློབ་གསོའི་བྱེད་ཕྱོགས་ལག་བསྟར་བྱེད་པ་དང་། ཚན་རིག་སློབ་གསོས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་སློབ་གསོ་དེང་རབས་ཅན་དུ་ཇེ་མགྱོགས་གཏོང་བའི་ཐབས་ཇུས་གལ་ཆེན་བཏོན་ནས། ༢༠༣༥ལོར་སློབ་གསོ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་འབད་བརྩོན་དམིགས་འབེན་གཏན་ཁེལ་དང་ཏང་གིས་སློབ་གསོའི་ལས་ཀར་ཕྱོགས་ཡོངས་ནས་འགོ་ཁྲིད་བྱེད་ཤུགས་ཆེ་རུ་གཏོང་བ།མུ་མཐུད་དུ་སློབ་གསོའི་ལམ་ལུགས་ནང་རྐྱེན་བཅོས་བསྒྱུར་ཟབ་མོ་བྱེད་པ། དུས་རབས་གསར་པའི་སློབ་གསོའི་བྱ་གཞག་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ཅིང་གནས་བབ་རང་བཞིན་གྱི་འགྱུར་ལྡོག་བྱུང་སྟེ། སློབ་གསོ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་གོམ་སྟབས་བརྟན་པོ་སྤོས་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་ང་ཚོས་སློབ་གསོ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་དེ ནི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་སྟོབས་ལྡན་རྒྱལ་ཁབ་ཡིན་པས། བསམ་བློ་དང་ཆབ་སྲིད་ཐོག་ནས་སྣེ་ཁྲིད་ནུས་པ་དང་ཤེས་ལྡན་མི་སྣའི་འགྲན་རྩོད་ནུས་པ། ཚན་རྩལ་གྱི་གཞོགས་འདེགས་ནུས་པ། དམངས་འཚོའི་འགན་སྲུང་ནུས་པ། སྤྱི་ཚོགས་མཐུན་སྦྱོར་ནུས་པ། རྒྱལ་སྤྱིའི་ཤུགས་རྐྱེན་ནུས་པ་ཆེན་པོ་ཡོད་ལ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱིས་ཕྱོགས་ཡོངས་ནས་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་དང་མི་རིགས་བསྐྱར་དར་ཡོང་བའི་རླབས་ཆེན་བྱ་གཞག་ལ་རྒྱབ་བརྟེན་ནུས་པ་ཆེན་པོ་འདོན་དགོས་ཞེས་ནན་གསུང་གནང་བ་རེད།
ཞི་ཅིན་ཕིང་གིས་སློབ་གསོ་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྱོང་བྱེད་པ་དེ་རྙོག་འཛིང་ཆེ་བའི་མ་ལག་ཅན་གྱི་ལས་གཞི་ཞིག་ཡིན་པས། ང་ཚོས་སྤྱོད་བཟང་འཛུགས་ཤིང་མི་སྣ་གསོ་སྐྱོང་བྱེད་པའི་རྩ་བའི་ལས་འགན་ ཡང་དག་འཛིན་སྐྱོང་།སྤྱོད་བཟང་བློ་ལྡན་ལུས་རྩལ་མཛེས་དཔྱོད་ངལ་རྩོལ་བཅས་སྒོ་ཀུན་ནས་འཕེལ་རྒྱས་བྱུང་བའི་སྤྱི་ཚོགས་རིང་ལུགས་འཛུགས་སྐྲུན་པ་དང་རྒྱུན་འཛིན་པ་གསོ་སྐྱོང་གསོ་བྱེད་པར་གཞིགས་ནས། སྤྱི་ཚོགས་རིང་ལུགས་ཀྱི་སློབ་གཉེར་ཁ་ཕྱོགས་རྒྱུན་འཁྱོངས། མ་ལག་ལྟ་དགོངས་རྒྱུན་འཁྱོངས་དང་བེད་སྤྱོད་བྱེད་པ། རྒྱལ་ཁབ་འཐབ་ཇུས་རམ་འདེགས་དང་དམངས་འཚོའི་དགོས་མཁོ་སྐོང་བ། ཤེས་བྱ་སློབ་སྦྱོང་དང་སྒོ་ཀུན་འཕེལ་རྒྱས། ཤེས་ལྡན་མི་སྣ་གསོ་སྐྱོང་དང་སྤྱི་ཚོགས་དགོས་མཁོ་སྐོང་བ། ཚད་ལྡན་ལུགས་མཐུན་དང་གསོན་ཤུགས་དོད་པ། ཀྲུང་གོའི་ས་གཞི་ཆེན་པོར་རྐང་ཚུགས་པ་དང་རྒྱལ་སྤྱིའི་ཉམས་མྱོང་དཔྱད་གཞིར་འཛིན་པ་སོགས་ཀྱི་འབྲེལ་བ་གལ་ཆེན་བར་ཐག་གཅོད་ཡང་དག་བྱ་དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས་རྒྱུན་མི་ཆད་པར་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བླ་སྲོག་གཏོད་ཅིང་མི་སྣ་གསོ་སྐྱོང་བྱེད་པ་དང་། དུས་རབས་གསར་པའི་སྤྱོད་བཟང་འཛུགས་ཤིང་མི་སྣ་གསོ་སྐྱོང་ལས་གཞི་ལག་བསྟར་བྱེད་དགོས། མུ་་མཐུད་དུ་དུས་རབས་གསར་པའི་སློབ་གྲྭའི་བསམ་བློ་དང་ཆབ་སྲིད་སློབ་གསོ་ཇེ་དྲག་དང་ལེགས་བཅོས་གཏོང་བ། ན་གཞོན་སློབ་མས་མར་ཁེ་སི་རིང་ལུགས་དད་པ་དང་ཀྲུང་གོའི་ཁྱད་ཆོས་སྤྱི་ཚོགས་རིང་ལུགས་ཀྱི་དད་པ ། ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གཏོང་བའི་ཆོད་སེམས་བཅས་ཇེ་བརྟན་བཏང་ནས། རྒྱལ་ཁབ་ལ་དྲིན་འཇལ་དང་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་ཕུགས་འདུན་ཆེན་པོ་འཛུགས་སྐྱོང་བྱེད་པ་དང་། བློ་ཤེས་ཀྱི་གནམ་འཕང་བསྟོད་པའི་ཧུར་བརྩོན་པ་ཞིག་བྱེད་པར་སློབ་གསོ་དང་སྣེ་ཁྲིད་བྱེད་དགོས། དུས་རབས་གསར་པའི་ནང་གི་རླབས་ཆེན་བསྒྱུར་བཅོས་བྱས་ནས་རྒྱལ་ཁ་ཐོབ་པའི་དཔེ་དོན་བེད་སྤྱོད་བྱེད་པར་མཐོང་ཆེན་པོ་བྱེད་པ་དང་། གསར་བརྗེའི་ཐོན་ཁུངས་ལ་བརྟེན་ནས་མི་སྣ་གསོ་སྐྱོང་བྱེད་པའི་ནུས་པ་འདོན་པ། ལག་ལེན་ལས་མི་སྣ་གསོ་སྐྱོང་དང་དྲྭ་ཐོག་ནས་མི་སྣ་གསོ་སྐྱོང་བྱེད་པའི་བར་མཐོངས་དང་གཡུལ་ས་མུ་མཐུད་དུ་རྒྱ་སྐྱེད་དགོས། རྒྱལ་ཁབ་སྤྱི་སྤྱོད་སྐད་ཡིག་ཁྱབ་གདལ་ཇེ་དྲག་གཏོང་བ་དང་། ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་འདུ་ཤེས་འཛུགས་སྐྱོང་བྱེད་དགོས་ཞེས་ནན་གསུངས་གནང་།
ཞི་ཅིན་ཕིང་གིས་ཚན་རིག་ལ་བརྟེན་ནས་རྒྱལ་ཁབ་དར་རྒྱས་གཏོང་བའི་འཐབ་ཇུས་དང་ཤེས་ལྡན་མི་སྣ་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་གཏོང་བའི་འཐབ་ཇུས། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་སྐུལ་འདེད་གཏོང་བའི་འཐབ་ཇུས་གཅིག་འགྱུར་འཆར་འགོད་བྱེད་དགོས་པ་དང་། སློབ་གསོ་འཕེལ་རྒྱས་དང་ཚན་རྩལ་གསར་གཏོད། ཤེས་ལྡན་གསོ་སྐྱོང་བཅསགཞི་གཅིག་ཏུ་མདུན་སྤེལ་གཏོང་དགོས། ཚན་རྪལ་འཕེལ་རྒྱས་དང་རྒྱལ་ཁབ་འཐབ་ཇུས་དགོས་མཁོ་ལ་བརྟེན་ནས། གསར་གཏོད་ནུས་པ་ཇེ་དྲག་གཏོང་བ་དང་མཐོ་རིམ་སློབ་གསོའི་བཀོད་སྒྲིག་ལེགས་བཅོས་གཏོང་བ། མཐོ་སློབ་རིག་ཚན་བཀོད་སྒྲིག་ལེགས་སྒྲིག་ནང་རྐྱེན་དང་ཤེས་ལྡན་གསོ་སྐྱོང་བྱེད་ཐབས་འཐུས་ཚང་གཏོང་བ་དང་། རྨང་གཞི་རིག་ཚན་དང་གསར་དར་རིག་ཚན། བསྣོལ་འདྲེས་སློབ་ཚན་འཛུགས་སྐྱོང་དང་རྩེར་སོན་ཤེས་ལྡན་པ་གསོ་སྐྱོང་བཅས་ལ་ཤུགས་རྒྱག་དགོས། སློབ་གྲྭ་དང་ཁེ་ལས་ཚན་རིག་ཞིབ་འཇུག་མཉམ་ལས་ཇེ་དྲག་བཏང་ནས་ཚན་རྩལ་གྲུབ་འབྲས་སྔ་ལས་མང་པོ་དངོས་ཡོད་ཐོན་སྐྱེད་ནུས་ཤུགས་སུ་བསྒྱུར་དགོས། ལས་རིགས་སློབ་གསོ་དང་ཉིན་ཧྲིལ་པོའི་ལམ་ལུགས་སློབ་གསོ་ཟུང་འབྲེལ་དང་། ཐོན་སྐྱེད་དང་སློབ་གསོ་ཟུང་འབྲེལ་བྱེད་པའི་ལས་རིགས་སློབ་གསོའི་མ་ལག་འཛུགས་པ་དང་། རྒྱལ་ཁབ་ཆེན་པོའི་བཟོ་སྐྲུན་པ་དང་ལག་ཤེས་ཕུལ་རྩལ། ལག་རྩལ་རྩེ་གྲས་ཀྱི་མི་སྣ་གསོ་སྐྱོང་ཤུགས་འདོན་ དགོས་ཞེས་གསུངས་པ་རེད།
ཞི་ཅིན་ཕིང་གིས། མི་དམངས་གཙིགས་སུ་འཛིན་པ་རྒྱུན་འཁྱོངས་དང་། རྒྱུན་ཆད་མེད་པར་སློབ་གསོའི་སྤྱི་པའི་ཞབས་ཞུའི་ཀུན་ཕན་ནུས་པ་དང་དང་ལེན་ཐུབ་པ། སྟབས་བདེའི་ནུས་པ་མཐོར་འདེགས་བཏང་ནས། སློབ་གསོའི་བཅོས་བསྒྱུར་དང་འཕེལ་རྒྱས་གྲུབ་འབྲས་ཀྱིས་མི་དམངས་ཡོངས་ལ་ཕན་འདྲ་མཉམ་ཐོགས་པར་བྱེད་དགོས། ས་ཁོངས་ཀྱི་སློབ་གསོའི་ཐོན་ཁུངས་སྒྲིག་འགོད་ལེགས་བཅོས་དང་འོས་འགན་སློབ་གསོ་འཕེལ་རྒྱས་དོ་མཉམ་བཏང་ནས་གྲོང་ཁྱེར་དང་གྲོང་གསེབ། ས་ཁོངས། སློབ་གྲྭའི་བར། ཚོགས་པ་བཅས་ཧེ་བག་རིམ་བཞིན་ཇེ་ཆུང་གཏོང་དགོས། མུ་མཐུད་དུ་གཉིསའཕྲིའི་གྲུབ་འབྲས་སྲ་བརྟན་དང་ཁྱོན་ཡོངས་ནས་སློབ་ཁྲིད་སློབ་གསོའི་ཆུ་ཚད་མཐོར་འདེགས་གཏོང་བ་དང་། སློབ་ཁྲིད་རྗེས་ཀྱི་ཞབས་ཞུའི་སྤུས་ཀ་ཇེ་མཐོར་གཏོང་དགོས། རྒྱལ་ཁབ་ཀྱི་སློབ་གསོ་ཨང་ཀི་ཅན་གྱི་འཐབ་ཇུས་ལག་བསྟར་ཟབ་མོ་དང་། སློབ་གསོའི་ཐོན་ཁུངས་ཡག་པོས་ཁེབས་ཚད་རྒྱ་བསྐྱེད་བཏང་ནས། མི་ཚེ་གང་བོར་སློབ་སྦྱོང་བྱེད་པའི་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོར་འདེགས་གཏོང་དགོས་ཞེས་ནན་གསུང་གནངས།
ཞི་ཅིན་ཕིང་གིས། སློབ་གསོ་པའི་སྙིང་སྟོབས་ལ་བརྟེན་ནས་དགེ་རྒན་རུ་ཁག་འཛུགས་སྐྱོང་བྱ་སྤྱོད་སྤེལ་དགོས་ལ།དགེ་རྒན་གྱི་ཀུན་སྤྱོད་སྲོལ་བཟང་སྔར་ལས་ཇེ་ལེགས་གཏོང་བ་དང་། དགེ་རྒན་གྱི་གསོ་སྐྱོང་ཟབ་སྦྱོང་སྤུས་ཀ་མཐོར་འདེགས་བཏང་ནས། དུས་རབས་གསར་པའི་ཆུ་ཚད་མཐོ་བའི་དགེ་རྒན་རུ་ཁག་གསོ་སྐྱོང་བྱེད་དགོས། དགེ་རྒན་གྱི་ཆབ་སྲིད་གོ་གནས་དང་སྤྱི་ཚོགས་གོ་གནས། ལས་རིགས་གོ་གནས་མཐོར་འདེགས་གཏོང་བ་དང་། དགེ་རྒན་གྱི་ཐོབ་ཐང་འགན་སྲུང་ཇེ་དྲག་གཏོང་བ། དགེ་རྒན་ལས་རིགས་ཀྱི་ལ་རྒྱ་དང་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་བྱས་ནས། དགེ་རྒན་ཚོར་སྤྱི་ཚོགས་ཐོག་དབང་གྲགས་ཡོད་པ་དང་སྤྱི་ཚོགས་ཐོག་ཆེས་བརྩི་བཀུར་ཐོབ་པའི་ལས་རིགས་ཤིག་ཏུ་བརྩི་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས། སློབ་གསོ་ཕྱི་ཕྱོགས་སྒོ་འབྱེད་ཟབ་སྤེལ་གཏོང་བ་དང་། ནང་འདྲེན་དང་ཕྱིར་གཏོང་གཅིག་གྱུར་བཀོད་སྒྲིག་བྱས་ནས། རྒྱུན་ཆད་མེད་པར་རང་རྒྱལ་སློབ་གསོའི་རྒྱལ་སྤྱིའི་སྙན་གྲགས་དང་འགྲན་རྩོད་ནུས་པ། སྨྲ་དབང་བཅས་མཐོར་འདེགས་གཏོང་དགོས། རྒྱལ་སྤྱིའི་རིག་གཞུང་བགྲོ་གླེང་དང་སློབ་གསོའི་ཚན་ཞིབ་མཉམ་ལས་རྒྱ་བསྐྱེད་དང་། འཛམ་གླིང་ཡོངས་ཀྱི་སློབ་གསོའི་བཅོས་སྐྱོང་ནང་ཞུགས་གང་ཐུབ་བྱས་ནས། འཛམ་གླིང་ཡོངས་ཀྱི་སློབ་གསོའི་ལས་དོན་འཕེལ་རྒྱས་འགྲོ་བར་ཀྲུང་གོའི་སྟོབས་ཤུགས་འབུལ་དགོས་ཞེས་ནན་གསུང་གནང་བ་རེད།
ལི་ཆང་གིས་གྲོས་ཚོགས་གཙོ་སྐྱོང་གནང་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དེ་ཏང་དང་རྒྱལ་ཁབ་བྱ་གཞག་འཕེལ་རྒྱས་ཀྱི་བཀོད་པ་ཆེན་པོའི་འཐབ་ཇུས་ཆེས་མཐོར་བཟུང་ནས་ཁྱོན་ཡོངས་ནས་དུས་རབས་གསར་པའི་སློབ་གསོའི་ལས་དོན་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་པ་དང་། གཞི་ཁྱོན་ཆེ་བའི་འཕེལ་རྒྱས་བྱུང་བར་ཕྱོགས་བསྡོམས་གནང་ཡོད་ལ། སློབ་གསོ་སྟོབས་ལྡན་རྒྱལ་ཁབ་ཀྱི་ཚན་རིག་ནང་སྙིང་དང་གཞི་རྩའི་ཐབས་ལམ་ལ་འགྲེལ་བཤད་ཞིབ་ཕྲ་གནང་ཞིང་། སློབ་གསོ་སྟོབས་ལྡན་རྒྱལ་ཁབ་འཛུགས་པར་འབྲེལ་བ་གལ་ཆེན་ཐག་གཅོད་ཡང་དག་བྱེད་ཚུལ་ལ་འགྲེལ་བཤད་གསལ་པོ་གནང་བ། ཁྱོན་ཡོངས་ནས་སློབ་གསོ་སྟོབས་ལྡན་རྒྱལ་ཁབ་འཛུགས་པར་འཐབ་ཇུས་ལས་འགན་དང་བྱེད་ཐབས་གལ་ཆེན་བཀོད་སྒྲིག་ཞིབ་ཚགས་བྱས་ཡོད།སྤྱི་ཁྱབ་ཧྲུའུ་ཅིའི་གསུང་བཤད་གལ་ཆེན་གྱིས་མིག་རྒྱང་རིང་ཞིང་དགོངས་དོན་ཟབ་ལ། ནང་དོན་ཕུན་སུམ་ཚོགས་པས། ཆབ་སྲིད་ནུས་པ་དང་བསམ་བློའི་ནུས་པ། མཛུབ་སྟོན་ནུས་པ་ཆེན་པོ་་ལྡན་ཞིང་། དུས་རབས་གསར་པའི་བགྲོད་ལམ་གསར་པའི་སློབ་གསོའི་ལས་ཀར་མཛུབ་སྟོན་གནང་བའི་རྩ་གནད་རང་བཞིན་གྱི་ཡིག་ཆ་ཞིག་ཡིན་པས། སློབ་གསོ་དར་བའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་བསྟན་ཡོད་ལ་རྩ་བའི་བསྲུང་བྱ་མཁོ་འདོན་བྱས་ཡོད། དེར་བརྟེན་ང་ཚོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དོན་འཁྱོལ་བྱས་ནས། བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྙིང་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་བྱེད་པ་དང་། དོན་དངོས་གཉེར་དང་ཐབས་ལམ་ནོམ་པ་སྤེལ་བ། འབྲས་བུ་དངོས་སུ་ཐོབ་པར་བྱས་ཏེ། སློབ་གསོའིསྟོབས་ལྡན་རྒྱལ་ཁབ་འཛུགས་བསྐྲུན་བྱེད་པར་ལེའུ་གསར་པ་བསྐྲུན་དགོས་ཞེས་གསུངས་པ་རེད།
ཏིང་ཞུའེ་ཞང་གིས་ཕྱོགས་བསྡོམས་གསུང་བཤད་ནང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་སྙིང་དོན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། གཏན་ཁེལ་གཉིས་ཀྱི་ཆོད་དོན་ནུས་པར་གོ་བ་ཟབ་མོ་ལེན་པ། འདུ་ཤེས་བཞི་ཇེ་དྲག་གཏོང་ཞིང་། ཡིད་ཆེས་བཞི་ཇེ་བརྟན་གཏོང་བ། སྲུང་སྐྱོང་གཉིས་དངོས་སྒྲུབ་ཐུབ་པ། སློབ་གསོའི་ཆབ་སྲིད་ངོ་བོ་དང་མི་དམངས་ངོ་བོ། འཐབ་ཇུས་ངོ་བོ་བཅས་ལ་གདེང་ཚད་བརྟན་པོ་ལོན་ནས་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་སློབ་གསོ་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དགོས། ཐོག་མཐའ་བར་གསུམ་དུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་ལ་བརྟེན་ནས་བླ་སྲོག་བཙོ་སྦྱོང་དང་མི་སྣ་སྐྱོང་བ་དང་། སྤྱོད་བཟང་འཛུགས་གཉེར་དང་མི་སྣ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱེད་པའི་གནད་ཆེན་སློབ་ཚན་སྒྲིག་འཛུགས་ཡག་པོ་བྱེད་དགོས། སློབ་གསོ་དང་ཚན་རྩལ་ཤེས་ལྡན་མི་སྣ་བཅས་གཞི་གཅིག་ཏུ་སྐུལ་སྤེལ་གཏོང་བ་དང་།མཐོ་རིམ་སློབ་གྲྭའི་ཚན་རྩལ་གསར་གཏོད་ལམ་ལུགས་ནང་རྐྱེན་འཐུས་ཚང་གཏོང་བ། གསར་གཏོད་རྩེ་གྲས་འཇོན་མི་གསོ་སྐྱོང་ཇེ་དྲག་གཏོང་བ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱབ་རྟེན་དང་སྣེ་ཁྲིད་པའི་བྱེད་ནུས་གལ་ཆེན་འདོན་སྤེལ་ཡག་པོ་བྱེད་དགོས། སྤུས་མཐོའི་སློབ་གསོའི་མ་ལག་འཛུགས་སྐྱོང་ཇེ་མགྱོགས་སུ་གཏོང་བ་དང་། འོས་འགན་སློབ་གསོ་སྤུས་ལེགས་དང་དོ་སྙོམས་འཕེལ་རྒྱས་ཡོང་བར་བྱས་ནས། མི་དམངས་མང་ཚོགས་ཀྱི་སློབ་གསོའི་སྐོར་གྱི་ཁ་ཚ་དགོས་གཏུག་དང་དཀའ་ཁག་རེ་སྨོན་གནད་དོན་མཐའ་དག་ཐག་གཅོག་ཡག་མོ་བྱེད་དགོས། བྱང་ཚད་མཐོ་བའི་ཆེད་ལས་དགེ་རྒན་དཔུང་ཚོགས་འཛུགས་སྐྱོང་དང་། སློབ་གསོ་པའི་སྙིང་སྟོབས་དར་སྤེལ་གཏོང་བ། སློབ་ཁྲིད་མི་སྐྱོང་ནུས་པ་མཐོར་འདེགས་གཏོང་བ། ཐོབ་ཐང་འགན་སྲུང་ཇེ་དྲག་བཅས་བྱས་ནས། སློབ་གསོ་དར་བའི་རྒྱལ་ཁབ་འཛུགས་སྐྱོང་བྱེད་པའི་རྨང་གཞི་གལ་ཆེན་ཇེ་བརྟན་གཏོང་དགོས། སློབ་གསོའི་ཕྱོགས་བསྡུས་བཅོས་བསྒྱུར་ཇེ་ཟབ་ཏུ་གཏོང་བ་དང་། ཆུ་ཚད་མཐོ་བའི་སློབ་གསོ་སྒོ་འབྱེད་བྱས་ནས་སློབ་གསོ་སྤུས་མཐོའི་འཕེལ་རྒྱས་ལ་ཕན་ཐོགས་པའི་ལམ་ལུགས་ནང་རྐྱེན་འཛུགས་སྐྱོང་བྱེད་དགོས། ས་གནས་སོ་སོ་དང་སྡེ་ཁག་སོ་སོ། ལས་ཁུངས་སོ་སོ་ཡིས་སྙིང་རུས་གཟེར་མ་རྒྱག་པ་ནང་བཞིན་ཚོགས་ཆེན་གྱི་སྙིང་དོན་བློ་སེམས་སུ་ཟུག་འཇུག་པ་དང་། ལས་ཀའི་བཀོད་སྒྲིག་དོན་ཐོག་འཁྱོལ་ཞིང་འབྲས་བུ་སྨིན་པར་བྱེད་དགོས་ཞེས་གསུངས་པ་རེད།
གྲོས་ཚོགས་ཐོག ཀྲུང་དབྱང་རྩ་འཛུགས་པུའུ་དང་ཀྲུང་དབྱང་དྲིལ་སྒྲོག་པུའུ། སློབ་གསོ་པུའུ། ཚན་རྩལ་པུའུ། ལིའོ་ཉིང་ཞིང་ཆེན། ཧྲང་ཧའེ་གྲོང་ཁྱེར། ཧུའུ་པེ་ཞིང་ཆེན། ཀུའེ་ཀྲིའུ་ཞིང་ཆེན། ཀྲུང་གོ་གློག་རྡུལ་ཚན་རྩལ་ཚོགས་ཁག་ཚད་ཡོད་སྤྱི་གཉེར་ཁང་། པེ་ཅིང་སློབ་ཆེན་གྱི་འགན་ཁུར་བློ་མཐུན་གྱིས་བརྗེ་རེས་གཏམ་བཤད་གནང་བ་རེད།
ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན། རྒྱལ་དོན་ཨུ་ཡོན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གི་འགོ་འཛིན། ཆེས་མཐོའི་མི་དམངས་ཞིབ་བཤེར་ཁང་གི་ཞིབ་བཤེར་དཔོན་པོ། རྒྱལ་ཡོངས་སྲིད་གྲོས་ཀྱི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་གྲོས་ཚོགས་ནང་ཞུགས་པ་རེད།
གྲོས་ཚོགས་ནི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཀྱི་རྣམ་པ་ནས་འཚོགས་ཤིང་། ཀྲུང་དབྱང་སློབ་གསོའི་ལས་ཀའི་འགོ་ཁྲིད་ཚོ་ཆུང་གི་ཁོངས་མི། ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་སོ་སོ་དང་འཆར་གཞི་ལོགས་བཀོད་གྲོང་ཁྱེར། ཞིན་ཅང་ཐོན་སྐྱེད་འཛུགས་སྐྲུན་དཔུང་ཚོགས་ཀྱི་ཏང་སྲིད་ཀྱི་འགན་ཁུར་བློ་མཐུན་གཙོ་བོ་དང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག འབྲེལ་ཡོད་མི་དམངས་ཚོགས་ཁག དམག་དཔུང་གི་འབྲེལ་ཡོད་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན་གཙོ་བོ། ཀྲུང་དབྱང་དོ་དམ་གྱི་ཁེ་ལས་ཁག་ཅིག མཐོ་རིམ་སློབ་གྲྭའི་འགན་ཁུར་བློ་མཐུན་སོགས་གྲོས་ཚོགས་ནང་ཞུགས་པ་རེད།
གྲོས་ཚོགས་མ་འཚོག་སྔོན། ཞི་ཅིན་ཕིང་སོགས་འགོ་ཁྲིད་བློ་མཐུན་གྱིས་སྙིང་ཉེ་བས་དགེ་རྒན་གྱི་དུས་ཆེན་ཨང་བཞི་བཅུ་པར་རྟེན་འབྲེལ་ཞུས་ཤིང་རྒྱལ་ཡོངས་སློབ་གསོའི་སྡེ་ཁག་གི་སྔོན་ཐོན་ཚོགས་པ་དང་ཕུལ་བྱུང་མི་སྣར་བྱ་དགའ་གནང་བའི་བྱེད་སྒོའི་ནང་ཞུགས་པའི་སྐུ་ཚབ་ལ་ཐུག་མཇལ་གནང་ཞིང་། ཞི་ཅིན་ཕིང་གིས་སྐུ་ཚབ་རྣམས་དང་ཕྱག་འཇུ་གནང་བ་དང་། ཚང་མ་དང་དྲན་རྟེན་མཉམ་པར་བསྒྲོན་པ་རེད།
འཕྲིན་སྟེགས། weikangba