
ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དགེ་རྒན་དུས་ཆེན་ཐེངས་བཞི་བཅུ་པར་རྟེན་འབྲེལ་ཞུ་བ་དང་རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང་དང་སྔོན་ཐོན་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་བྱེད་སྒོ་ཚེས8ཉིན་པེ་ཅིན་དུ་སྤེལ་བ་དང་། རྒྱལ་ཡོངས་ཀྱི་ལས་ཁུངས585དང་མི་སྒེར1790ལ་གཟེངས་བསྟོད་ཐོབ།

ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་དབུ་བརྙེས་ནས་ལོ་འཁོར75ལོན་པ་དང་དགེ་རྒན་དུས་ཆེན་ཐེངས40པ་བསླེབ་ལ་ཉེ་བའི་སྐབས་སུ། སློབ་གསོ་པའི་སྙིང་སྟོབས་དར་སྤེལ་ཆེན་པོ་བཏང་ནས། སྤྱི་ཚོགས་ཡོངས་ཀྱི་དགེ་རྒན་ལ་གུས་བཀུར་དང་སློབ་གསོའི་སྣང་ཚུལ་ཡག་པོ་བསྐྲུན་པར་སྐུལ་མ་གཏོང་བ་དང་། རྒྱལ་ཡོངས་ཀྱི་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་ལ་གཉེར་མཁན་རྣམས་ལ་ཀུན་སྤྱོད་བཟང་པོ་སྐྱོང་བའི་རྩ་བའི་ལས་འགན་དོན་འཁྱོལ་བྱས་ཏེ། སློབ་གསོའི་སྟོབས་ལྡན་རྒྱལ་ཁབ་འཛུགས་སྐྲུན་ཁྲོད་ཧུར་ཐག་གིས་ཞུགས་པ་བཅས་བྱ་ཆེད། མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་དང་། སློབ་གསོ་པུའུ་ཡིས་ཀྲུང་དབྱང་ནོར་སྲིད་དཔལ་འབྱོར་སློབ་གྲྭ་ཆེན་མོ་སོགས་ལས་ཁུངས585ལ“རྒྱལ་ཡོངས་ཀྱི་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ཐུན་མོང”གི་མཚན་སྙན་གནང་རྒྱུ་དང་། ཏིའོ་རུང་ཁྲུན་སོགས་བློ་མཐུན716ལ“རྒྱལ་ཡོངས་ཀྱི་དཔེ་བཟང་དགེ་རྒན”གྱི་མཚན་སྙན་གནང་རྒྱུ། ཡུས་ཡོན་སོགས་བློ་མཐུན895ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་དགེ་རྒན”གྱི་མཚན་སྙན་གནང་རྒྱུ། ཝང་ཡན་ཕིང་སོགས་བློ་མཐུན80ལ“རྒྱལ་ཡོངས་སློབ་གསོའི་ཁོངས་གཏོགས་ཀྱི་སྔོན་ཐོན་ལས་སྒྲུབ་པའི”མཚན་སྙན་གནང་རྒྱུ། ཝང་ཅུན་སོགས་བློ་མཐུན99ལ“རྒྱལ་ཡོངས་ཀྱི་ཕུལ་བྱུང་སློབ་གསོའི་ལས་དོན་སྒྲུབ་མཁན“གྱི་མཚན་སྙན་བཅས་གནང་རྒྱུ་ཡིན་པར་ཐག་བཅད།

དགེ་རྒན་དུས་ཆེན་བཙུགས་པ་ནས་བཟུང་། རྒྱ་ཆེའི་དགེ་རྒན་གྱིས་ཏང་གི་ཆེད་དུ་མི་སྣ་གསོ་སྐྱོང་བྱེད་པ་དང་། རྒྱལ་ཁབ་ཀྱི་ཆེད་དུ་འཇོན་མོ་གསོ་སྐྱོང་བྱེད་པའི་ལས་འགན་སེམས་ལ་བརྟན་པོར་བཟུང་ནས། ཁྲིད་སྟེགས་ཆུང་ཆུང་སྟེང་དུ་རྐང་ཚུགས་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་སློབ་ཁྲིད་དང་མི་སྣ་གསོ་སྐྱོང་བྱས་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་དང་མི་དམངས་དང་མཉམ་དུ་ལངས་ཏེ། ལྷག་བསམ་ཟོལ་མེད་ཀྱི་སེམས་པ་དང་བློས་གཏོང་ཕོད་པའི་སེམས་པ། བྱམས་བརྩེ་ལྡན་པའི་སེམས་པ་བཅས་ཀྱིས་སློབ་གསོའི་བྱ་གཞག་ཁྲོད་ཞུགས་པ་ཡིན། དགེ་རྒན་དཔུང་ཁག་ཁྲོད་ཕུལ་བྱུང་དགེ་རྒན་འབོར་ཆེན་ཞིག་ཐོན་པ་དང་འགུལ་སྐྱོད་དངོས་ཀྱིས་འཛམ་གླིང་སྟེང་གི་གཞི་ཁྱོན་ཆེས་ཆེ་བའི་སློབ་གསོའི་མ་ལག་ཅིག་འདེགས་སྐྱོར་བྱས་ཡོད་པས། དེ་ནི་ཏང་དང་མི་དམངས་ཀྱི་ཡིད་རྟོན་རུང་བ་དང་རྒྱབ་རྟེན་ཆོག་པའི་རྒྱལ་ཁབ་ཆེན་པོའི་དགེ་རྒན་བཟང་པོ་ཡིན།

ཚོགས་འདུར་ཞུགས་པའི་བློ་མཐུན་རྣམས་ཀྱིས་རྒྱ་ཆེའི་དགེ་རྒན་དང་སློབ་གསོའི་ལས་དོན་པ་རྣམས་ཀྱིས་སློབ་གསོར་གནས་པའི་ལོ་རྒྱུས་ཀྱི་ཁ་ཕྱོགས་ལ་བསམ་གཞིགས་དང་ངོས་འཛིན་གང་ལེགས་བྱ་དགོས་པ་དང་། མདུན་དུ་ལྷགས་པའི་རྙོག་འཛིང་ཆེ་བའི་ཕྱི་ནང་གི་ཁོར་ཡུག་དང་ཕྲག་ཏུ་འཁུར་བའི་ལས་འགན་གསར་པར་བརྟེན་ནས། སློབ་གསོའི་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་ལོ་རྒྱུས་ཀྱི་ཤེས་ལྡན་མི་སྣ་གསོ་སྐྱོང་དང་། གྲུབ་འབྲས་རྩེ་གྲ་གཏོད་པ་དང་བྱས་རྗེས་ཕུལ་བྱུང་བཞག་ནས། ལས་སྒྲུབ་བྱེད་ཕོད་པ་དང་བྱས་རྗེས་འཇོག་ཐུབ་པར་བྱས་ནས། སློབ་གསོར་བརྟེན་ནས་རྒྱལ་ཁབ་སྟོབས་ལྡན་འཛུགས་སྐྲུན་བྱེད་པའི་དགེ་རྒན་སྟོབས་ཆེན་གྱིས་རྒྱུགས་ཤོག་ཡག་པོ་འབྲི་གང་ཐུབ་བྱ་དགོས་པའི་བསམ་ཚུལ་བསྟན། །

འཕྲིན་སྟེགས། weikangba