ཝང་ཧུའུ་ཉིང་གིས་མགོ་འཛིན་གནང་ནས་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞིའི་གྲོས་ཚོགས་བསྡུས།

2024-09-02
362

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་གསུམ་པ་ཚེས30ཉིན་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མགོ་འཛིན་གནང་།

ཟླ8པའི་ཚེས30ཉིན། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞིའི་གྲོས་ཚོགས་ཐེངས་ཉེར་གསུམ་པ་པེ་ཅིན་དུ་འཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་ཧུའུ་ཉིང་གིས་མགོ་འཛིན་གནང་།

གྲོས་ཚོགས་ལས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་གྱི་དགོངས་དོན་གལ་ཆེན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས། ཝང་ཧུའུ་ཉིང་གིས་བསྟན་དོན། རྒྱལ་ཡོངས་སྲིད་གྲོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གུང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི་སྟེང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཚང་འཛོམས་གྲོས་ཚོགས་ཀྱི《ཆོད་དོན》ལ་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱ་རྒྱུ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བཅོས་སྒྱུར་སྔར་ལས་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་དགོས་པའི་སྐོར་དགོངས་པ་གསར་པ་དང་ལྟ་བ་གསར་པ། ཆོད་གཏམ་གསར་པ་བཅས་རབ་དང་རིམ་པར་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། སྲིད་གྲོས་ཨུ་ཡོན་དང་ལས་ཁུངས་ཀྱི་ལས་བྱེད་པའི་བསམ་བློ་དང་བྱ་སྤྱོད་དེ། ཀྲུང་གུང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་སྟེང་ནས་གཅིག་གྱུར་དོན་ལྡན་ཡོང་བར་འབད་དགོས། གྲོས་མོལ་ལམ་སྲོལ་གྱི་བཀོད་སྒྲིག་བླང་བྱ་དོན་འཁྱོལ་ནན་ཏན་དང་སྔར་ལས་འཐུས་ཚང་དུ་གཏོང་དགོས། མི་དམངས་སྲིད་གྲོས་ནི་ཆེད་དམིགས་གྲོས་མོལ་ལས་ཁུངས་ཤིག་ཡིན་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཚང་འཛོམས་གྲོས་ཚོགས་ཀྱིས་བཀོད་སྒྲིག་བྱས་པའི་བཅོས་སྒྱུར་ལས་འགན་དང་དམ་པོར་བསྟུན་ཏེ། གྲོས་མོལ་སྲིད་གྲོས་ཟབ་སྤེལ་གཏོང་བ་དང་སང་ལོའི་ལས་དོན་ལ་སྔོན་ཚུད་ནས་འཆར་འགོད་བྱས་ཏེ། བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་གཏོང་བ་དང་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་ཆེད་བློ་གྲོས་དང་སྟོབས་ཤུགས་ཅི་ཡོད་འདོན་དགོས།

ཝང་ཧུའུ་ཉིང་གིས་བསྟན་དོན། ཀྲུང་གུང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་སྐོར་གྱི་ཇུས་ཆོད་བཀོད་སྒྲིག་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། སྲིད་གྲོས་ཨུ་ཡོན་རྩ་འཛུགས་བྱས་ཏེ་དཔལ་འབྱོར་སྒྲིག་སྲོལ་བཅོས་སྒྱུར་ཟབ་སྤེལ་དུ་གཏོང་བ་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སོགས་ལ་དམ་པོར་དམིགས་ནས་མུ་མཐུད་ཞིབ་འཇུག་གཏིང་ཟབ་བྱེད་དགོས་ལ། ཁ་གཏད་འཇལ་ཐབས་ཀྱི་གྲོས་འགོ་དོན་ལྡན་བཏོན་ཏེ། སྔོན་དཔག་བརྟན་གཏོང་དང་ཡིད་ཆེས་ཆེ་རུ་གཏོང་བ། ཐུན་མོང་གི་ངོས་འཛིན་གཅིག་སྒྲིལ་བཅས་ཀྱི་ལས་དོན་ཡག་པོ་བསྒྲུབས་ནས། ལོ་ཧྲིལ་པོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་འབེན་མངོན་འགྱུར་ཡོང་བར་རོགས་རམ་བྱེད་དགོས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རིག་གནས་དང་རང་བྱུང་ཤུལ་བཞག་སྲུང་སྐྱོབ་དང་རྒྱུན་འཛིན་བེད་སྤྱོད་ལས་དོན་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ནས། སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་རིག་གནས་ལ་རང་ཡིད་རང་ཆེས་དང་རང་སྟོབས་རང་སྤེལ་ཡོང་བར་སྐུལ་འདེད་གཏོང་རྒྱུ་དང་། སྤྱི་ཚོགས་རིང་ལུགས་ཀྱི་རིག་གནས་ཀྱི་འོད་སྟོང་གསར་པ་བསྐྲུན་ཆེད་ལེགས་སྐྱེས་འབུལ་རྒྱུར་ཁྲིད་སྟོན་གང་ལེགས་བྱེད་དགོས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཨོ་རྩལ་འགྲན་ཚོགས་སྐབས33པའི་ཀྲུང་གོའི་ལུས་རྩལ་འཐུས་ཚབ་ཚོགས་པ་ཐུག་འཕྲད་གནང་སྐབས་ཀྱི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ལུས་རྩལ་གྱི་སྟོབས་ལྡན་རྒྱལ་ཁབ་དང་བདེ་ཐང་གི་ཀྲུང་གོ་འཛུགས་སྐྲུན་བྱེད་པར་རོགས་རམ་སྔར་ལས་གང་ལེགས་བྱེད་དགོས། 

ཚོགས་འདུའི་ཐོག་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་གྲོས་རིམ(འཆར་ཟིན)དང་ཉིན་རེའི་གྲོས་རིམ་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ཟླ10པའི་ཚེས9ནས་ཚེས11ཉིན་བར་པེ་ཅིན་དུ་རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པ་འཚོག་རྒྱུའི་གྲོས་ཐག་བཅད་པ་རེད།

གྲོས་ཚོགས་ཐོག ལི་ཝུའེ་ཝུའེ་ཡི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་མི་འབོར་ཐོན་ཁུངས་ཁོར་ཡུག་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པའི་གོ་གནས་ཕྱིར་འཐེན་བྱེད་པ་དང་ཁོང་གི་ཨུ་ཡོན་གྱི་ཐོབ་ཐང་མེད་པར་བཟོ་བའི་སྐོར་གྱི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་བ་དང་། ལི་ཅན་གྱི་སྲིད་གྲོས་རྒྱལ་ཡོངས་ཨུ་ཡོན་ལྷན་ཁང་སྐབས་བཅུ་བཞི་པའི་ཨུ་ཡོན་གྱི་ཐོབ་ཐང་ཕྱིར་འཐེན་བྱ་རྒྱུའི་སྐོར་གྱི་ཆོད་དོན་ལ་གྲོས་ཞིབ་བྱས་ནས་གྲོས་འཆམ་བྱུང་ལ། རྒྱལ་ཡོངས་སྲིད་གྲོས་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་དགུ་པའི་ཐོག་རྗེས་སུ་ཁས་ལེན་བྱ་རྒྱུར་ཕུལ་ཡོད།

ཀྲུའུ་ཞིའི་ཚོགས་འདུའི་ཐོག 2024ལོའི་ཐུན་མོང་སློབ་སྦྱོང་ཐེངས་གསུམ་པ་འཚོགས་པ་དང་དེའི་བརྗོད་དོན་གཙོ་བོ་ནི“གོ་ལ་ཧྲིལ་པོའི་གྲངས་གཞིའི་དཔལ་འབྱོར་འཕེལ་རྒྱས་འགྲོ་ཚུལ་དང་དེར་ཁ་གཏད་གཅོག་ཐབས”ཞེས་པ་དེ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་ཡི་པུའུ་ཀྲང་གཞོན་པ་ཝང་ཅང་ཕིང་གིས་གདན་ཞུས་ལྟར་སྙན་ཞུ་གནང་།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ནམ་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲི་ཐའེ་ཧྥིན་དང་རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧུའུ་ཁྲུན་ཧྭ། ཧོ་ཧོའུ་ཧྭ། ལེའང་ཀྲེན་དབྱིན་བཅས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཉེ་དུས་ཀྱི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱ་རྒྱུར་དམིགས་ནས་གཏམ་བཤད་གནང་བ་རེད། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་དང་དྲུང་ཡིག་ཆེན་མོ་ཝང་ཏུང་ཧྥིན་སོགས་ཀྱིས་འབྲེལ་ཡོད་གྲོས་གཞིར་གསལ་བཤད་གནང་།

རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཧྲེན་ཡུའེ་ཡུའེ་དང་ཝང་ཡུང་། ཀྲོའུ་ཆང་། པ་ཐེར། སུའུ་ཧུའེ། ཧྲའོ་ཧུང་། ཀའོ་ཡུན་ལུང་། ཁྲེན་ཝུའུ། མུའུ་ཧུང་། ཞན་ཧུའེ། ཝང་ཀོང་ཆན། ཆིན་པོ་ཡུང་། ཀྲུའུ་ཡུང་ཞིན། དབྱང་ཀྲིན་བཅས་ཚོགས་འདུར་ཞུགས་པ་རེད།  

ཡོང་ཁུངས། : ཞིན་ཧྭ་དྲ་བ།   རྩོམ་པ་པོ། : རྡོ་རྗེ་བསམ་འགྲུབ་ཀྱིས་བསྒྱུར།  
  • 顶