ཉེ་ལམ། གསར་འགོད་པས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། 2023ལོར་རྒྱལ་ཁབ་ཀྱིས་ལས་ཞུགས་གཏན་འཇགས་སུ་གཏོང་བའི་སྲིད་ཇུས་དུས་ཐོག་ཏུ་ལེགས་སྒྲིག་ལེགས་སྒྱུར་བྱས་ཏེ་ལས་གནས་གཏན་འཇགས་དང་ལས་ཞུགས་རྒྱ་བསྐྱེད་པའི་མ་ལག་རང་བཞིན་གྱི་སྲིད་ཇུས་རྒྱབ་སྐྱོར་མ་ལག་གྲུབ་པར་བྱས་པ་དང་། ལོ་ཧྲིལ་བོར་རིམ་པ་སོ་སོའི་སྲིད་གཞུང་གི་རིགས་སོ་སོའི་མ་དངུལ་གྱིས་ལས་ཞུགས་ལས་གཏོད་ལ་ཐད་ཀར་རྒྱབ་སྐྱོར་བྱས་ཚད་སྒོར་ཁྲག་ཁྲིག་གསུམ་ལས་བརྒལ།
མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་པུའུ་ལས་ཞུགས་སྐུལ་འདེད་ཟི་ཡི་ཟི་ཀྲང་གཞོན་པ་ཡུན་ཏུང་ལེ་ཡིས་མཚམས་སྦྱོར་བྱས་པ་དང་ལྟར་ན། 2023ལོར། རྒྱལ་ཡོངས་ཀྱི་མཁར་གྲོང་གི་མི་བྱེ་བ་གཅིག་དང་ས་ཡ་གཉིས་འབུམ་བཞི་ཁྲི་བཞི་གསར་དུ་ལས་ཞུགས་བྱས་པ་དང་། མཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་གཞི་རྩའི་ཆ་ནས་གཏན་འཇགས་དང་རྒྱུན་མཐུད་ངང་བཟང་ཕྱོགས་སུ་འཕེལ་བཞིན་ཡོད་ལ། ཞིང་སྡེའི་ངལ་རྩོལ་ནུས་ཤུགས་ཕྱིར་ཞོར་ལས་ལ་འགྲོ་བའི་གཞི་ཁྱོན་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཞིང་། དབུལ་ཐར་མི་གྲངས་ཀྱི་ལས་གཉེར་གཞི་ཁྱོན་མི་བྱེ་བ་གསུམ་དང་ས་ཡ་གསུམ་འབུམ་དགུ་ཁྲི་བདུན་ལ་སླེབས།
སྲིད་ཇུས་ཀྱི་རྒྱབ་སྐྱོར་ཤུགས་ཆེན་འོག་ཏུ། འབྲེལ་ཡོད་སྡེ་ཁག་གིས་མཐོ་རིམ་མཐར་ཕྱིན་སློབ་མ་སོགས་ན་གཞོན་གྱི་ལས་ཞུགས་བྱ་བ་དམ་འཛིན་བཟང་བོ་བྱས་པ་དང་། མཁར་གྲོང་གི་དཀའ་ཁག་ཡོད་པའི་མང་ཚོགས་ལ་དམ་པོར་དམིགས་ཏེ། 2023ལོར་མཁར་གྲོང་གི་ལས་ཤོར་མི་སྣས་ས་ཡ་ལྔ་དང་འབུམ་གཅིག་ཁྲི་བཞི་ཡང་བསྐྱར་ལས་ཞུགས་བྱས་པ་དང་། དཀའ་ཁག་ཡོད་པའི་མི་སྣ་ས་ཡ་གཅིག་དང་འབུམ་བདུན་ཁྲི་གཉིས་ལས་ཞུགས་བྱས།
ཡུན་ཏུང་ལེ་ཡིས་བསྟན་དོན། 2024ལོར་ལས་ཞུགས་སྔོན་ལ་འཇོག་པའི་ཁྲིད་ཕྱོགས་སྔར་ལས་འབུར་དུ་ཐོན་པར་བྱེད་པ་དང་། སྤུས་ཚད་མཐོ་བའི་སྒོ་ནས་ལས་ཞུགས་ལ་ཡར་སྐུལ་བྱེད་པའི་ནང་རྐྱེན་མགྱོགས་མྱུར་འཐུས་ཚང་དུ་བཏང་སྟེ་ལས་ཞུགས་བཟང་ཕྱོགས་སུ་འཕེལ་བའི་གནས་བབ་གཏན་འཇགས་སུ་གཏོང་བར་ཤུགས་འདོན་རྒྱུ་རེད། སྲིད་ཇུས་ཀྱི་ཕྱོགས་ནས། མཐུན་སྦྱོར་རང་བཞིན་སྔར་ལས་འབུར་དུ་ཐོན་པར་བྱེད་པ་དང་། དཔལ་འབྱོར་མིན་པའི་སྲིད་ཇུར་ཕྱིར་འདོན་པ་དང་མཉམ་དུལས་ཞུགས་ཤུགས་རྐྱེན་ལ་དཔྱད་འཇོག་བྱེད་པར་སྐུལ་འདེད་བཏང་སྟེ། དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ལས་ཞུགས་ཐད་ཀྱི་སྐུལ་ཁྲིད་ནུས་པ་མཐོར་འདེགས་གཏོང་རྒྱུ་རེད། ནོར་སྲིད་ཁ་གསབ་དང་ཁྲལ་བསྡུ་གཟིགས་སྐྱོང། དངུལ་རྩའི་རྒྱབ་སྐྱོར། སྤྱི་ཚོགས་འགན་སྲུང་སོགས་རྒྱབ་སྐྱོར་མ་ལག་འཐུས་ཚང་དུ་བཏང་སྟེ་སྲིད་ཇུས་ཀྱིས་ལས་ཞུགས་ལ་ཡར་སྐུལ་བྱེད་པའི་རྣམ་པ་བཟང་བོ་ཁྱབ་གདལ་དུ་གཏོང་རྒྱུ་རེད།
ལྷ་མོ་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba