ཞི་ཅིན་ཕིང་གིས་2023ལོའི་ལོ་འཁོར་གྱི་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་པའི་ལས་དོན་ཚོགས་འདུར་ཞུགས་མཁན་གཞུང་ཚབ་པར་མཇལ་འཕྲད་གནང་ནས་གསུང་བཤད་གལ་ཆེན་གནང་བ། ཚའེ་ཆི་མཇལ་འཕྲད་ལ་ཞུགས་པ།

2024-01-01
1571

ཞི་ཅིན་ཕིང་གིས་2023ལོའི་ལོ་འཁོར་གྱི་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་པའི་ལས་དོན་ཚོགས་འདུར་ཞུགས་མཁན་གཞུང་ཚབ་པར་མཇལ་འཕྲད་གནང་ནས་གསུང་བཤད་གལ་ཆེན་གནང་བ།

ཚའེ་ཆི་མཇལ་འཕྲད་ལ་ཞུགས་པ།

ཟླ་12ཚེས་29ཉིན། ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་ཞི་ཅིན་ཕིང་དང་ཚའེ་ཆི་སོགས་ཀྱིས་མི་དམངས་ཚོགས་ཁང་ཆེ་མོར་2023ལོའི་ལོ་འཁོར་གྱི་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་པའི་ལས་དོན་ཚོགས་འདུར་ཞུགས་མཁན་གཞུང་ཚབ་པ་ཡོངས་ལ་མཇལ་འཕྲད་གནང་བ།

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་12ཚེས་29ཉིན་གློག་འཕྲིན་འབྱོར་གསལ། ཚེས་29ཉིན་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་2023ལོའི་ལོ་འཁོར་གྱི་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་པའི་ལས་དོན་ཚོགས་འདུར་ཞུགས་མཁན་གཞུང་ཚབ་པ་ཡོངས་ལ་མཇལ་འཕྲད་གནང་ནས་གསུང་བཤད་གལ་ཆེན་གནང་བ་རེད། ཞི་ཅིན་ཕིང་གིས་དུས་རབས་གསར་པ་ཚུན་གྱི་ཕྱི་འབྲེལ་གྱི་ལས་དོན་ལ་ཐོབ་པའི་གྲུབ་འབྲས་གལ་ཆེན་ལ་གདེང་འཇོག་གང་ལེགས་གནང་བ་མ་ཟད། གཞུང་ཚབ་པ་ཚོས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་དང་ཀྲུང་དབྱང་གི་ཕྱི་དོན་ལས་དོན་ཚོགས་འདུའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་པར་དུ་ཕྱི་འབྲེལ་དགོངས་པར་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ། དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ཕྱི་ཕྱོགས་ཀྱི་ལས་དོན་ལ་ཕྲད་པའི་རྒྱལ་སྤྱིའི་ཁོར་ཡུག་དང་ཕྲག་ཏུ་འཁུར་བའི་ལོ་རྒྱུས་ཀྱི་ལས་འགན་ལ་ངོས་འཛིན་ཡང་དག་མིའི་རིགས་ཀྱི་ལས་དབང་གཅིག་མཐུན་འདུས་གྲུབ་གཏོད་པའི་དར་ཆ་མཐོན་པོར་སྒྲེང་བ་བཅས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་ལས་དོན་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་པ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་དང་ཀྲུང་དབྱང་གཞུང་དོན་ཐིང་གི་ཀྲུའུ་རེན་ཚའེ་ཆི་མཇལ་འཕྲད་ལ་ཞུགས་ཡོད་པ་རེད།

སྔ་དྲོའི་ཆུ་ཚོད་11དང་སྐར་མ་40ཙམ་ལ། ཞི་ཅིན་ཕིང་སོགས་མི་དམངས་ཚོགས་ཁང་ཆེ་མོའི་ཚོམས་ཆེན་བྱང་མར་ཕེབས་སྐབས་ཚོགས་ར་ཡོངས་ནས་དགའ་བསུ་ཞུ་བའི་སྒྲ་ཡུན་རིང་གྲགས་པ་དང་ཞི་ཅིན་ཕིང་སོགས་ཀྱིས་གཞུང་ཚབ་པ་ཚོར་ཕྱག་གཡུག་གཡུག་གནང་ནས་གུས་ལན་ཞུས་པ་མ་ཟད། ཚང་མ་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་ལྷན་བཞུགས་དྲན་རྟེན་སྐུ་པར་ཡང་བསྐྱོན་པ་རེད།

སྤྲོ་སེམས་འཁོལ་པོས་དགའ་བསུ་ཞུ་བའི་སྒྲའི་ཁྲོད་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་བ་རེད། ཁོང་གིས་འདས་ཟིན་པའི་ལོ་འདི་དག་རིང་ལ་ཏོག་གསར་རིམས་ནད་གང་སར་མཆེད་པ་དང་ཕྱི་ཕྱོགས་ཕྱོགས་གཏོགས་ཀྱིས་ང་ཚོར་རྡུང་རྡེག་དང་བཀག་འགོག་བྱེད་ཚད་ཟམ་མི་ཆད་པར་མང་དུ་ཕྱིན་པས། ཕྱི་འབྲེལ་གྱི་ལས་དོན་ལ་དམིགས་བསལ་གྱི་འགྲན་སློང་ཕྲད་ཡོད་ལ། ཚང་མས་ཀྱང་དམིགས་བསལ་གྱི་ཚོད་བགམ་ཐེག་ཡོད། ལོ་ཤས་རིང་བློ་མཐུན་ཚོས་ཕྱི་རྒྱལ་དུ་ཧུར་བསྲིས་གྲོན་ཆུང་ངང་ལས་དོན་ཧུར་ཐག་སྒྲུབ་པ་དང་། རྒྱལ་ཁབ་ཀྱི་ཆེད་དུ་རྡོག་ཐོན། ཚང་མའི་ཆེད་དུ་ཁྱིམ་ཚང་ཆུང་ངུ་འདོར་བ་བཅས་བྱས་ནས། འཛམ་གླིང་ས་གནས་ཁག་ཏུ་འབད་འཐབ་ཧུར་ཐག་གནང་བས། ཚང་མ་སྐུ་ལས་ཁག་སོང་ཞེས་གསུངས་པ་རེད། ཞི་ཅིན་ཕིང་གིས་ཏང་ཀྲུང་དབྱང་གི་ཚབ་ཞུས་ནས་གཞུང་ཚབ་པ་དང་ཕྱི་འབྲེལ་འཐབ་ཕྱོགས་ཀྱི་བློ་མཐུན་ཡོངས་ལ་བྱམས་བརྩེའི་འཚམས་འདྲི་ཞུས་གནང་བ་རེད།

ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་ཚོགས་ཆེན་ཉི་ཤུ་པར་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་འཐབ་ཇུས་བཀོད་སྒྲིག་བྱས་པས། ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་དེ་བས་མདུན་ལམ་ལྡན་པའི་དུས་མཚམས་གསར་པར་སླེབས་ངེས་རེད། ཏང་ཀྲུང་དབྱང་གི་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་མཐའ་འཁྱོངས་དང་། དུས་རབས་གསར་པའི་ཀྲུང་གོའི་ཕྱི་འབྲེལ་གྱི་རྩ་ཆེའི་ཉམས་མྱོང་དར་སྤེལ་གཏོང་བ། གོང་བུ་སྒྲིལ་ཤུགས་ཆེ་རུ་གཏོང་བ། དམག་འཐབ་ནུས་པ་འདོན་པ། དཀའ་ངལ་དང་ཉེན་ཁ་མཐའ་དག་ལས་རྣམ་པར་རྒྱལ་བ་བཅས་བྱས་ནས་རྒྱལ་ཁ་གསར་པ་དེ་བས་ཆེ་བ་འཐོབ་པར་བྱེད་དགོས།

ཞི་ཅིན་ཕིང་གིས་བསྟན་དོན། འཚོགས་མ་ཐག་པའི་ཀྲུང་དབྱང་གི་ཕྱི་དོན་ལས་དོན་ཚོགས་འདུར་མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་རྒྱལ་སྤྱིའི་དུས་བབ་དང་ཕྱི་རོལ་གྱི་ཁོར་ཡུག་ལ་དབྱེ་ཞིབ་བྱས་ནས་ཕྱི་ཕྱོགས་ལས་དོན་གྱི་དམིགས་ཚད་ཁ་ཕྱོགས་དང་། མཛུབ་ཁྲིད་རྩ་དོན། འཐབ་ཇུས་བཀོད་སྒྲིག གཞི་རྩའི་ལས་འགན་བཅས་ཁ་གསལ་བཟོས་ཡོད། ཚང་མས་ཀྲུང་དབྱང་གི་ཕྱི་དོན་ལས་དོན་ཚོགས་འདུའི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་སྔར་བས་དཔའ་ངར་ཆེར་བསྐྱེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་བྱས་རྗེས་གསར་པ་སླར་ཡང་འཇོག་དགོས།

གཅིག ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་ཏང་ལ་ལྷག་བསམ་རྣམ་དག་བྱེད་མཁན་གྱི་ལག་ལེན་པ་ཞིག་བྱེད་དགོས། ཏང་དང་། རྒྱལ་ཁབ། མི་དམངས་བཅས་ལ་ལྷག་བསམ་རྣམ་དག་བྱེད་པ་ནི་ཕྱི་འབྲེལ་འཐབ་ཕྱོགས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་ཞིག་རེད། ཚང་མས་འགན་འཁྲི་ཕྲག་ཏུ་ཁུར་ནས་འཛམ་གླིང་ས་གནས་ཁག་ཏུ་བསྐྱོད་དེ། གང་དུ་བསྐྱོད་ཀྱང་རྡོག་ཐོན་བྱེད་དགོས་དོན་གང་ཡིན་པ་མི་བརྗེད་པར་སེམས་ནང་གི་དམ་བཅའ་བརྟན་པོར་སྲུང་དགོས། ཏང་གི་གསར་གཏོད་རིགས་པའི་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲོས་པ་དང་། ཡིན་མིན་དབྱེ་འབྱེད་ཀྱི་མིག་ཤེད་རྣོ་པོར་བརྟེན་ནས་ཐོག་མཐའ་བར་གསུམ་དུ་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ལ་སྟངས་འཛིན་བྱེད་དགོས། ཏང་དང་རྒྱལ་ཁབ་ཀྱི་ཁེ་ཕན་ཆེ་ཤོས་གནས་སར་གོ་བ་གཏིང་ཟབ་བླངས་ཏེ་ཏང་ཀྲུང་དབྱང་གི་ཕྱི་ཕྱོགས་ཀྱི་བྱེད་ཕྱོགས་དང་སྲིད་ཇུས་ལ་གོ་བ་ཡག་པོ་ལེན་པ་དང་ལག་བསྟར་ཡག་པོ་བྱེད་དགོས། ཀྲུང་གོའི་མི་དམངས་དུང་ཕྱུར་14ལྷག་ཙམ་ནི་ཕྱི་འབྲེལ་ལས་དོན་གྱི་སྟོབས་དང་ལྡན་པའི་རྒྱབ་རྟེན་རེད། ཕྱི་འབྲེལ་དམངས་ཀྱི་ཆེད་དུ་ཡིན་པའི་འགན་འཁྲི་ཕྲག་ཏུ་བརྟན་པོར་ཁུར་ཏེ། ཏང་ཀྲུང་དབྱང་གི་དྲོ་སྐྱིད་ཕྱི་རྒྱལ་དུ་ཡོད་པའི་ཀྲུང་གོའི་སྤྱི་དམངས་ཚང་མར་ཚོར་དུ་འཇུག་དགོས།

གཉིས། ཐེག་པ་འཁུར་ལེན་ལ་ཤུགས་སྣོན་བརྒྱབ་ནས་དཔའ་ངར་ཆེན་པོས་གསར་འབྱེད་བྱེད་མཁན་གྱི་ལས་གཏོད་པ་ཞིག་བྱེད་དགོས། ཚང་མས་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཕྱི་འབྲེལ་དགོངས་པར་གོ་བ་ལེན་པ་དང་། ཁོང་དུ་ཆུད་པ། དངོས་སུ་སྒྲུབ་པ་བཅས་བྱས་ཏེ་དཀའ་ངལ་བསུ་བཞིན་མདུན་སྐྱོད་དང་ཐེག་པ་འཁུར་ལེན་བྱེད་དགོས། ཕྱི་འབྲེལ་གྱི་ནུས་པ་འཛུགས་སྐྱོང་ལ་ཤུགས་སྣོན་དང་། དམ་པ་དོན་གཉེར་མཐའ་འཁྱོངས། རྣ་གསང་མིག་གསལ་ཐུབ་པ་བཅས་བྱས་ཏེ། སྤྱི་ཡོངས་ལ་ཞབས་འདེགས་ཞུ་བ་དང་དཀའ་གནད་སེལ་བར་བྱེད་ཐབས་དངོས་མང་ཙམ་འདོན་དགོས། གང་སར་གྲོགས་པོ་སྒྲིག་མཁས་པོ་བྱས་ཏེ་མི་སེམས་བརྩོན་ལེན་གྱི་ལས་དོན་ཆོས་ཁང་དུ་སྒྲུབ་དགོས་ལ། དམངས་ཁྲོད་དུའང་གཏིང་ཟབ་སྒྲུབ་དགོས། རྒྱལ་སྤྱི་ཅན་གྱི་སྐད་ཡིག་དང་བྱེད་ཐབས་ལ་བརྟེན་ནས་ཀྲུང་གོའི་གཏམ་རྒྱུད་ཡག་པོ་ཤོད་པ་དང་ཀྲུང་ཕྱི་དང་གནའ་དེང་འབྲེལ་མཐུད་བྱས་ནས་འཛམ་གླིང་གིས་དུས་རབས་གསར་པའི་ཀྲུང་གོ་དེ་བས་ལེགས་པའི་སྒོ་ནས་ཤེས་རྟོགས་ཐུབ་པར་བྱེད་དགོས།

གསུམ། འཐབ་རྩོད་བྱེད་མཁས་པོ་བྱས་ཏེ་རྒྱལ་ཁབ་ཀྱི་ཁེ་ཕན་སྲུང་སྐྱོང་བྱེད་མཁན་ཞིག་བྱེད་དགོས། གདེང་ཚོད་དང་གདེང་སྤོབས་ཆེ་རུ་གཏོང་བ་དང་། འཐབ་ཇུས་ཀྱི་རིག་པ་དྭངས་གསལ་རྒྱུན་འཁྱོངས། མཐའ་ཚད་ཀྱི་བསམ་གཞིག་བརྟན་པོར་འཛུགས་པ་བཅས་བྱས་ཏེ། དམག་གྲབས་ཀྱི་རྣམ་པ་དང་བཙན་དབང་ལ་མི་སྐྲག་པའི་འགྱུར་མེད་ཀྱི་སྙིང་སྟོབས་ལ་བརྟེན་ནས་རྒྱལ་ཁབ་ཀྱི་བདག་དབང་དང་། བདེ་འཇགས། འཕེལ་རྒྱས་བཅས་ཀྱི་ཁེ་ཕན་མཐའ་གཅིག་ཏུ་སྲུང་སྐྱོང་བྱེད་དགོས། འཐབ་ཇུས་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་འཐབ་ཕྱོགས་གཅིག་གྱུར་གྱི་མཆོག་ནོར་འདི་ཡག་པོ་སྤྱོད་དགོས། ཕྱོགས་མང་གི་ལམ་སྲོལ་དང་སྒྲིག་སྲོལ་སྤྱོད་མཁས་པོ་བྱས་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་བསམ་ཤེས་དང་རྒྱབ་སྐྱོར་རྒྱ་ཁྱབ་འཐོབ་པའི་བརྩོན་ལེན་བྱེད་དགོས།

བཞི། རང་ངོས་གསར་བརྗེ་མཐའ་འཁྱོངས་བྱས་ཏེ་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་བར་སྐུལ་འདེད་གཏོང་མཁན་ཞིག་བྱེད་དགོས། གཞུང་ཚབ་པ་ཚོས་ཏང་ལ་དོ་དམ་དང་ཏང་སྐྱོང་བའི་བྱེད་པོའི་འགན་འཁྲི་ཏན་ཏིག་སྒྲུབ་པ་དང་རང་ངོས་གསར་བརྗེའི་སྙིང་སྟོབས་ལ་བརྟེན་ནས་ཏང་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས། བསམ་བློའི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་དུས་རྟག་ཏུ་རང་བཀུར་དང་། རང་བརྩི། རང་བརྟག རང་གཟབ། རང་སྐུལ་བཅས་བྱས་ཏེ་ཆབ་སྲིད་ཀྱི་དད་སེམས་བརྟན་པ་དང་སྒྲིག་ཁྲིམས་ནན་པོ་སྲུང་བའི་དོན་རྟོགས་པ་ཞིག་བྱེད་དགོས། དཔུང་ཁག་ཡག་པོ་ནི་སྦྱོང་བརྡར་བྱས་ནས་བྱུང་བ་དང་དོ་དམ་བྱས་ནས་བྱུང་བ་ཞིག་རེད། ནན་པའི་རྩ་བའི་དགོངས་གཞིར་བརྟེན་ནས་སྤྱོད་བཟང་སྒྲིག་ནན་བྱེད་ཤུགས་ཆེ་རུ་གཏོང་བ་མཐའ་འཁྱོངས་བྱས་ཏེ་སྒྲིག་ཁྲིམས་དང་སྒྲིག་སྲོལ་སྔོན་ལ་བཞག་ནས་རང་གཅུན་ནན་པོ་དང་། རང་འགན་གཙང་མར་སྒྲུབ་པ། ཁོངས་གཏོགས་དོ་དམ་ནན་པོ་བཅས་བྱས་ཏེ་ཏང་ལ་ལྷག་བསམ་རྣམ་དག་དང་། འགན་འཁྲི་འཁུར་ཕོད་པ། འཐབ་ཕོད་པ་དང་འཐབ་མཁས་པ། སྒྲིག་ཁྲིམས་དམ་ལ་ནན་པ་བཅས་ཀྱི་ཕྱི་འབྲེལ་གྱི་ལྕགས་དང་ངར་ལྕགས་ལྟ་བུའི་དཔུང་ཁག་ཅིག་སྐྲུན་དགོས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱི་མཇལ་འཕྲད་ལ་ཞུགས་པ་མ་ཟད། 2023ལོའི་ལོ་འཁོར་གྱི་ཕྱི་རྒྱལ་དུ་བཅའ་སྡོད་གཞུང་ཚབ་པའི་ལས་དོན་ཚོགས་འདུར་གསུང་བཤད་གནང་སྟེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་ཀྲུང་དབྱང་གི་ཕྱི་དོན་ལས་དོན་ཚོགས་འདུའི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ་དང་། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པའི་རིགས་པའི་གཞུང་ལུགས་གསར་གཏོད་གལ་ཆེན་དང་རྒྱང་རིང་གཏིང་ཟབ་ཀྱི་དུས་རབས་ཀྱི་དོན་སྙིང་ལ་གོ་བ་གཏིང་ཟབ་ལེན་པ། ཞི་ཅིན་ཕིང་གི་ཕྱི་འབྲེལ་དགོངས་པ་ཁྲིད་སྟོན་དུ་བྱེད་པ། འགག་སྒྲོལ་དཀའ་སེལ་དང་འབད་འབུངས་ཡར་བརྩོན་བཅས་བྱས་ཏེ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་རྒྱལ་ཁབ་ཆེན་པོའི་ཕྱི་འབྲེལ་གྱི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་གཏོད་དགོས་པའི་བླང་བྱ་བཏོན་གནང་བ་རེད།

  • 顶