ཀྲུང་གོ་སྦྲག་སྲིད་ཀྱིས《བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར130ལོན་པར་རྗེས་དྲན་བྱེད་པའི》རྗེས་དྲན་སྦྲག་རྟགས་འགྲེམ་སྤེལ་བྱས་པ།

2023-12-26
284

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གོ་སྦྲག་སྲིད་ཀྱིས་ཟླ12པའི་ཚེས26ཉིན《བློ་མཐུན་མའོ་ཙེ་ཏུང་སྐུ་འཁྲུངས་ནས་ལོ་འཁོར130ལོན་པར་རྗེས་དྲན་བྱེད་པའི》རྗེས་དྲན་སྦྲག་རྟགས་ཆ་ཚང1དང་སྦྲག་རྟགས4འགྲེམ་སྤེལ་བྱས་ལ། སྦྲག་རྟགས་པར་རིས་ཀྱི་མིང་ལ་སོ་སོར་འཇར་འགོག་རྒྱུན་འཁྱོངས་དང་ཧྲི་སན་ལིན་ཆུ་མཛོད་འཛུགས་སྐྲུན། གནམ་འོག་སེམས་སུ་ཉར་བ། ཅིན་ཀང་རི་བོར་སླར་ལོག་པ་བཅས་ཡིན། 

སྦྲག་རྟགས་པར་རིས་ལ་གྲངས་ཀའི་རི་མོ་འབྲི་བ་བེད་སྤྱད་དེ་སྲོལ་རྒྱུན་རི་མོ་འབྲི་བའི་མཐོང་ཚོར་མཚོན་ཐབས་མངོན་འགྱུར་བྱས་ལ། གསོན་ཉམས་ལྡན་པའི་ངང་བློ་མཐུན་མའོ་ཙེ་ཏུང་མཆོག་རླབས་ཆེའི་སྣང་བརྙན་དང་སྤོབས་པ་སླར་མཚོན་བྱས་པ་དང་། བློ་མཐུན་མའོ་ཙེ་ཏུང་གི་ཐབས་མཁས་ཇུས་མཆོག་དང་མཐོང་རྒྱ་ཆེ་ཞིང་མིག་རྒྱང་རིང་བའི་རླབས་ཆེའི་མི་སྣའི་ཉམས་འགྱུར་མཚོན་པར་བྱས་ཡོད།

སྦྲག་རྟགས་ཆ་ཚང་འདི་སྐུ་ཞབས་ལིག་ཧྲང་དབྱི་མཆོག་གིས་མཛུབ་སྟོན་དང་། མ་ཀང་དང་ལིག་ཅུན་གྱིས་ཇུས་འགོད་བྱས་ལ། པེ་ཅིན་སྦྲག་རྟགས་བཟོ་གྲྭ་ཚད་ཡོད་ཀུང་སིས་པར་འབྲི་ཐབས་རྩལ་སྤྱད་དེ་པར་སྐྲུན་བྱས། སྦྲག་རྟགས་ཆ་ཚང་དེར་རིན་གོང་སྒོར4.80ཡིན་པ་དང་། འཆར་གཞི་ལྟར་ན་སྦྲག་རྟགས་ཆ་ཚང་ཁྲི780འགྲེམ་སྤེལ་བྱ་རྒྱུ་ཡིན་ཞིང་། པར་གཞི་གཉིས་པའི་འཆར་བཀོད་འགྲེམ་སྤེལ་བྱེད་ཚད་ཁྲི98ཡིན། སྦྲག་རྟགས་ཆ་ཚང་དེ་རྒྱལ་ཡོངས་ཀྱི་གཏན་འཁེལ་སྦྲག་སྲིད་དྲ་ཚིགས་དང་སྦྲག་རྟགས་བསྡུ་རུབ་དྲ་ཚོམས། ཀྲུང་གོ་སྦྲག་སྲིད་ལག་འཁྱེར་ཁ་པར་སྤྱོད་སྣེ། ཀྲུང་གོ་སྦྲག་སྲིད་ཀྱི་སྐད་འཕྲིན་ཚོང་ར་དང་ཀྲུང་གོ་སྦྲག་སྲིད་ཚོང་ཁྲོམ་སྐད་འཕྲིན་བྱ་རིམ་ཆུང་བ་བཅས་སུ་ཕྱིར་འཚོང་བྱ་རྒྱུ་ཡིན་ལ། ཕྱིར་འཚོང་བྱེད་ཡུན་ཟླ6ཡིན། སྔར་ལས་ལྷག་པར་སྦྲག་རྟགས་ཀྱི་ནང་དོན་ཕུན་སུམ་ཚོགས་པར་འགྲེམ་སྟོན་བྱ་ཆེད། ཀྲུང་གོ་སྦྲག་སྲིད་ཀྱིས“ཀྲུང་གོའི་སྦྲག་རྟགས་བསྡུ་རུབ་ཀྱི་ཤེས་བྱ་ཀུན་འདུས”སྐད་འཕྲིན་བྱ་རིམ་ཆུང་བ་བརྒྱུད་དེ་གྲངས་ཀ་ཅན་གྱི་ནང་དོན་ཁྱབ་བསྒྲགས་བྱ་རྒྱུ་ཡིན་པ་དང་། ARབྱེད་ནུས་སྤྱད་དེ་བལྟས་ཆོག །

  • 顶