འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོས་བཏོན་པའི་མི་ཚང་མར་གེགས་མེད་གྲོས་ཆོད་ལོངས་སུ་སྤྱོད་རྒྱུ་ཡོད་པ་ཁས་བླངས།

2026-10-08
303

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་སྐབས63པའི་གྲོས་ཚོགས་ཐོག་ཚེས5ཉིན། ཀྲུང་གོའི་འཐུས་མི་རྒྱལ་ཁབ47གྱིས་བཏོན་པའི“གེགས་མེད་འཛུགས་སྐྲུན་གྱིས་འགྲོ་བ་མིའི་ཐོབ་ཐང་ལོངས་སུ་སྤྱོད་པར་སྐུལ་འདེད་གཏོང་བའི”གྲོས་ཆོད་ལ་གྲོས་འཆམ་བྱུང་།

ཀྲུང་གོ་རུ་རྒྱུན་སྡོད་བྱས་པའི་མཉམ་འབྲེལ་རྒྱལ་ཚོགས་རི་ནེ་ཝའི་དོན་གཅོད་ཁྲུའུ་དང་སུའེ་ཙེར་གྱི་རྒྱལ་སྤྱིའི་རྩ་འཛུགས་གཞན་དག་གི་འཐུས་མི་ཅ་ཀུའེ་ཏི་ཡིས་གྲོས་ཆོད་འཆར་ཟིན་ངོ་སྤྲོད་བྱེད་སྐབས་བསྟན་དོན། གེགས་མེད་ཁོར་ཡུག་འཛུགས་སྐྲུན་གྱིས་ཚོགས་སྤྱི་ཁག་འདྲ་མཉམ་དང་སྟབས་བདེའི་ངང་སྤྱི་ཚོགས་འཚོ་བའི་ནང་ཞུགས་པ་དང་། འགྲོ་བ་མིའི་ཐོབ་ཐང་ཁག་མངོན་འགྱུར་གང་ལེགས་ཡོང་རྒྱུར་འགན་ལེན་གལ་ཆེན་འདོན་སྤྲོད་བྱས་ཡོད། ཐེངས་འདིའི་གྲོས་ཆོད་འཆར་ཟིན་ནང་མི་གྲངས་རྒན་རྒོན་ཅན་དུ་འགྱུར་བར་དམིགས་ནས། གེགས་མེད་དང་རྒན་པར་འཚམ་པའི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུར་གཞོལ་བ་དང་། མི་ཐབས་རིག་ནུས་སོགས་གསར་དར་ལག་རྩལ་ལས་བྱུང་བའི་གོ་སྐབས་དང་འགྲན་སློང་ལ་དམིགས་ཏེ། རྒྱལ་ཁབ་ཁག་གིས་གསར་དར་གྲངས་འཛིན་ལག་རྩལ་གསར་སྤེལ་དང་བེད་སྤྱོད་བྱེད་སྐབས། གསར་གཏོད་དང་ཁོང་ཡངས། སྒོ་འབྱེད། དྲང་གཞག བདེ་འཇགས། བློས་འགེལ་ཆོག་པ་སོགས་ཀྱི་རྩ་དོན་རྒྱུན་འཁྱོངས་བྱས་ནས། གེགས་མེད་ཆ་འཕྲིན་བརྗེ་རེས་ལ་སྐུལ་འདེད་གཏོང་དགོས་པའི་འབོད་སྐུལ་བྱས།

ཁུ་པ་དང་ཨེ་ཅིབ་སོགས་རྒྱལ་ཁབ་མང་པོས་གཏམ་བཤད་སྤེལ་ནས། ཀྲུང་གོ་ཕྱོགས་ཀྱིས“མི་ཚང་མས་གེགས་མེད་ལོངས་སྤྱོད་བྱེད་པའི”འདུ་ཤེས་ཁྱབ་གདལ་ཧུར་ཐག་བཏང་ནས། གེགས་མེད་བྱ་གཞག་གི་མ་འོངས་འཕེལ་རྒྱས་ལ་ཁ་ཕྱོགས་གསལ་སྟོན་བྱས་པར་བསྔགས་བརྗོད་བྱས། ཕྱོགས་སོ་སོས་གྲོས་ཆོད་ནང་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ལ་ལག་རྩལ་རོགས་སྐྱོར་མཁོ་འདོན་དང་། འབྲེལ་ཡོད་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་གཏོང་བ། འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་དགོས་མཁོ་དང་མཐུན་པ་བཅས་བྱ་དགོས་པའི་འབོད་སྐུལ་བྱས་ཡོད། གྲོས་ཆོད་ལ་གྲོས་འཆམ་བྱུང་རྗེས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་མཐོ་བའི་ཆེད་དོན་གཞུང་ལས་ཁང་དང་དེ་མིན་རྒྱལ་ཁབ་མང་པོས་ཀྲུང་གོ་ཕྱོགས་ལ་རྟེན་འབྲེལ་ཞུས།

2024ལོར། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་གཙོ་འདོན་མིང་གཅིག་གྲོས་ཆོད་ལ་ཐོག་མར་གྲོས་འཆམ་བྱུང་བ་དེ་ནི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ལོ་རྒྱུས་ཐོག་གི་གེགས་མེད་ཆེད་དོན་གྲོས་ཆོད་ཐོག་མ་རེད། ད་ལོ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གོ་ལ་ཧྲིལ་པོ་བཅོས་སྐྱོང་བྱ་རྒྱུའི་གྲོས་འགོ་བཏོན་ནས་ལོ་གཅིག་འཁོར་བའི་ལོ་ཡིན་ལ། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་གེགས་མེད་ཁོར་ཡུག་འཛུགས་སྐྲུན་སྐོར་གྱི་བཅའ་ཁྲིམས》ལག་བསྟར་བྱས་ནས་ལོ་གསུམ་འཁོར་བའི་ལོ་ཡང་ཡིན། འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཡང་བསྐྱར་ཀྲུང་གོ་སོགས་གཙོ་འདོན་མི་ཚང་མར་གེགས་མེད་གྲོས་ཆོད་ལོངས་སུ་སྤྱོད་རྒྱུ་ཡོད་པ་བཏོན་པ་དེས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་རིགས་སོ་སོའི་ཚོགས་སྤྱིའི་འགྲོ་བ་མིའི་ཐོབ་ཐང་ལ་སྔར་ལས་སྐུལ་འདེད་དང་འགན་ལེན་བྱེད་པ་དང་། རྒན་རྒོན་ཅན་ལ་ཁ་གཏད་ཧུར་ཐག་འཇལ་བ་དང་འབྲེལ་ཡོད་ཁྱབ་ཁོངས་ཀྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་དང་ཚད་གཞི་བཟོ་རྒྱུར་ཤུགས་སྣོན་པར་དོན་སྙིང་གལ་ཆེན་ལྡན།

ཤ་བོ་རིན་མཚོས་བསྒྱུར།


  • 顶