མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱིས་ཚེས28ཉིན་སྙན་ཞུ་སྤེལ་ཏེ། གཞི་རྒྱ་ཆེ་བའི་སྒོ་ནས་ནགས་ཚལ་དང་མཛེས་ལྗོངས་སླར་གསོ་བྱས་ན་ཕན་ནུས་ལྡན་པའི་སྒོ་ནས་འབྲུ་རིགས་བདེ་འཇགས་དང་སྐྱེ་དངོས་སྣ་མང་ཅན། ནམ་ཟླའི་འགྱུར་ལྡོག་སོགས་ཀྱི་འགྲན་རྩོད་ཐག་གཅོད་བྱེད་པར་ཕན་ཐོགས་ཡོད་པས། དངུལ་གཏོང་ལ་ཤུགས་སྣོན་དང་དཀྱེལ་ཡངས་རང་བཞིན་གྱི་བཅོས་སྐྱོང་འཐུས་ཚང་དུ་བཏང་སྟེ། དུས་ཡུན་རིང་བོའི་ཆབ་སྲིད་དམ་བཅའ་སྲུང་འཛིན་བྱེད་དགོས་པའི་འབོད་སྐུལ་བཏང་།
ཞིང་ལས་དང་འབྲུ་རིགས་རྩ་འཛུགས་ཀྱི2026ལོའི་འཛམ་གླིང་ནགས་ཚལ་གནས་ཚུལ་ཞེས་པའི་ནང་མངོན་པ་ལྟར་ན། གོ་ལ་ཧྲིལ་བོའི་ནགས་ཚལ་གྱི་རྒྱ་ཁྱོན་ཀུང་ཆིང་དུང་ཕྱུར41.5ཡོད་ཅིང་། གོ་ལ་ཧྲིལ་བོའི་སྐམ་སའི་རྒྱ་ཁྱོན་གྱི་བརྒྱ་ཆའི32ཟིན་ཡོད། ཐཱན་ཏུན་དུང་ཕྱུར7140ཙམ་གསོག་འཇོག་བྱས་ཡོད་པར་མ་ཟད། གོ་ལ་ཧྲིལ་བོའི་སུམ་ཆའི་གཅིག་གི་མི་གྲངས་ལ་འབྲུ་རིགས་བདེ་འཇགས་དང་འཚོ་བའི་འགན་སྲུང་འདོན་སྤྲོད་བྱེད་བཞིན་ཡོད། ཡིན་ཡང1990ལོ་ནས2025ལོའི་བར། གོ་ལ་ཧྲིལ་བོའི་ནགས་ཚལ་སྤྱི་ཆིངས་དུང་ཕྱུར4.89མེད་པར་བཏང་བ་དང་། མིག་སྔར་ད་རུང་ནགས་ཚལ་ཀུང་ཆིང་དུང་ཕྱུར4.6ལྷག་ཞན་འགྱུར་གྱི་རྣམ་པར་གནས་ཡོད་ལ། གོ་ལ་ཧྲིལ་བོའི་ཞན་འགྱུར་ས་ཞིང་གི་སྤྱིའི་རྒྱ་ཁྱོན་ཀུང་ཆིང་དུང་ཕྱུར15.6ལ་བསླེབས་ཡོད་ཟེར།
སྙན་ཞུ་ལས་བཤད་རྒྱུར། ཞན་འགྱུར་གྱི་སྐྱེ་ཁམས་མ་ལག་སླར་གསོ་བྱེད་ཐུབ་མེད་པས། གོ་ལ་ཧྲིལ་བོའི་དཔལ་འབྱོར་དེའི་དབང་གིས་ལོ་རེར་མེ་སྒོར་ཁྲག་ཁྲིག་བརྒྱད་དང་ཐེར་ཆེན་བདུན་ཐེར་འབུམ་བརྒྱད་ནས་མེ་སྒོར་ཁྲག་ཁྲིག་ཆེན་མོ་དྲུག་དང་ཁྲག་ཁྲིག་གསུམ་བར་གྱི་གྱོང་གུད་འབྱུང་བཞིན་ཡོད། ཞིབ་བསྡུར་བྱས་ན། ཀུང་ཆིང་དུང་ཕྱུར10ལྷག་གི་ཞན་འགྱུར་ས་ཞིང་ཞིག་གསོ་བྱས་ན་ལོ་རེར་མེ་སྒོར་ཁྲག་ཁྲིག་ཆེན་མོ་གཅིག་དང་ཁྲག་ཁྲིག་བརྒྱད་ཙམ་གྱི་ཁེ་ཕན་ཐོབ་སྲིད། ཁེ་ཕན་དེ་དག་སྐྱེ་དངོས་སྣ་མང་ཅན་གྱི་ལེགས་བཅོས་དང་ཆུའི་ཐོན་ཁུངས་ལེགས་སྒྲིག ས་གཤིས་ཀྱི་བདེ་ཐང་སོགས་ཀྱི་ཐད་ནས་མངོན་ཡོད། དེ་ལས་གཞན་ནགས་ཚལ་དང་མཛེས་ལྗོངས་སླར་གསོ་བྱེད་པའི་ཐད་མེ་སྒོར་གཅིག་བཏང་ན་ཆེས་མཐོ་བ་མེ་སྒོར་སུམ་ཅུའི་ཕན་འབྲས་ཐོབ་སྲིད་ཟེར།
འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་སྤྱི་ཁྱབ་ལས་འཛིན་པ་ཆུས་ཏུང་ཡུས་ཀྱིས་སྙན་ཞུའི་ནང་བཤད་རྒྱུར། ནགས་ཚལ་དང་མཛེས་ལྗོངས་སླར་གསོ་བྱེད་པ་དེ་ཁོར་ཡུག་གི་ཐོག་མའི་གདམ་གསེས་ཡིན་པར་མ་ཟད། ཞིང་ལས་དང་ཟས་རིགས་མ་ལག་གི་བསྟུན་ནུས་ཇེ་དྲག་ཏུ་གཏོང་བ་དང་། ཞིང་སྡེའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་རང་བཞིན་གྱི་དངུལ་གཏོང་ཞིག་ཀྱང་ཡིན་ཟེར། སྙན་ཞུ་ལྟར་ན། མིག་སྔར་རྒྱལ་ཁབ་དང་ས་ཁུལ་གོ་གཅིག་གིས་ཀུང་ཆིང་དུང་ཕྱུར1.9ལྷག་གི་ནགས་ཚལ་སླར་གསོ་བྱེད་པ་ཁས་ལེན་བྱས་ཡོད།
བསོད་ནམས་ཚེ་རིང་གིས་བསྒྱུར།
འཕྲིན་སྟེགས། weikangba